འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་21ཉིན།

༄༅།།ཀྲུང་གོས་ལོ་བརྒྱ་ལྷག་གི་སུའུ་དབྱི་ཧྲི་མིས་བཟོས་གཙང་པོར་རོགས་སྐྱོར་བྱས་ནས་མུ་མཐུད་འོད་
ཟེར་སྟོང་ལྡན་ཡོང་བ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་21ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝུའུ་ཏེན་ཉི་དང་ལོ་པི་ཉན་གྱིས།
འགག་རྩའི་དུས་སུ་ཀྲུང་གོས་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པ།
ཚེས་17ཉིན་ཨེ་ཅིབ་ཀྱི་སུའུ་དབྱི་ཧྲི་མིས་བཟོས་གཙང་པོ་དོ་དམ་ཅུས་ཀྱིས་ཨེ་ཅིབ་ཀྱི་བྱང་ཤར་རྒྱུད་ཀྱི་དབྱི་སི་མའེ་ལི་ཡ་ཞིང་ཆེན་དུ་མཛད་སྒོ་འཚོགས་ཏེ། སུའུ་དབྱི་ཧྲི་མིས་བཟོས་གཙང་པོར་གྲུ་གཟིངས་ཤར་གཏོང་ཐུབ་ནས་ལོ་150འཁོར་བར་རྟེན་འབྲེལ་ཞུས་ཤིང་། ལོ་150ཡི་རིང་གྲུ་གཟིངས་ཁྲི་130ལྷག་ཙམ་གྱིས་ས་དབུས་རྒྱ་མཚོ་དང་ཧུང་ཧའེ་རྒྱ་མཚོ་གཉིས་གཅིག་ཏུ་སྦྲེལ་བའི་ཆུ་ལམ་དེ་བརྒྱུད་དངོས་ཟོག་ཏུན་དུང་ཕྱུར་286ལྷག་ཙམ་སྐྱེལ་འདྲེན་བྱས་ཡོད་པ་རེད།
     ཨེ་ཅིབ་ནི་ཀྲུང་གོ་གསར་པ་ཁས་ལེན་མཁན་ཨ་རབ་ཀྱི་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཨང་དང་པོ་དེ་རེད། ཀྲུང་གོ་དང་ཨེ་ཅིབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་63རིང་རྒྱལ་ཁབ་གཉིས་པོས་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། སྤུན་ཟླ་ཡག་པོ་བཅས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཡོད།
    1956ལོའི་ཟླ་10པར་ནུབ་ཕྱོགས་སྟོབས་ཤུཌ་ཀྱིས་སུའུ་དབྱི་ཧྲི་མིས་བཟོས་གཙང་པོ་ཚོད་འཛིན་བྱེད་པའི་དབང་ཆ་འཕྲོག་ཆེད། ཨེ་ཅིབ་ལ་དྲག་པོའི་བཙན་འཛུལ་བྱས་པ་དང་འབྲེལ་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དམག་འཁྲུག་ཐེངས་གཉིས་པའང་བསླངས་ཤིང་། སྐབས་དེར་ཀྲུང་གོས་ཨེ་ཅིབ་ཀྱི་ཕྱོགས་སུ་བློ་རྩ་བརྟན་པོས་ལངས་ཡོད།
     འབྲེལ་ཡོད་ཡིག་ཚགས་ལས་མངོན་པར། 1956ལོའི་ཟླ་11ཚེས་10ཉིན་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་སྐབས་དེའི་ཨེ་ཅིབ་ཀྱི་ཙུང་ཐུང་ནེ་སེར་ལ་ཏར་འཕྲིན་བཏང་ཞིང་། ཏར་འཕྲིན་ནང“ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཨེ་ཅིབ་སྲིད་གཞུང་དང་ཨེ་ཅིབ་མི་དམངས་ཀྱི་དཔའ་ངར་ཞུམ་མེད་ཀྱི་འཐབ་རྩོད་ལ་རོགས་སྐྱོར་བྱེད་བཞིན་ཡོད།      ཀྲུང་གོ་སྲིད་གཞུང་གིས་སུའེ་ཙེར་གྱི་ཧྥ་ལང་སྒོར་ཁྲི་ཉིས་སྟོང་རིན་སྐྱིན་མེད་པར་ཨེ་ཅིབ་ལ་སྤྲད་ནས་ཁྱེད་ཚོའི་རྒྱལ་ཁབ་ཀྱི་སྲིད་གཞུང་གི་ཉེ་དུས་ཀྱི་འབོད་སྐུལ་དང་ལེན་ཞུ་རྒྱུའི་གཏན་འབེབས་བྱས་ཡོད”ཅེས་འཁོད་ཡོད་པ་རེད།
ཀྲུང་གོར་བཅའ་སྡོད་ཨེ་ཅིབ་ཀྱི་གཞུང་ཚབ་ཆེ་མོ་བ་ཐོག་མ་སྟེ་ཧ་སང·ལཱ་ཅི་ཕུའུ་ཡིས་དེ་སྔ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ནུབ་ཕྱོགས་ཀྱི་སྟོབས་ཤུགས་ཀྱིས་མིས་བཟོས་གཙང་པོའི་བདག་དབང་འཕྲོག་རྩིས་བྱེད་པའི་སྐབས་དེར་ཀྲུང་གོ་མི་དམངས་ཀྱིས་པེ་ཅིང་དུ་འདུ་འཛོམས་བྱས་ཏེ་ཨེ་ཅིབ་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱས་ཡོད། དེར་བརྟེན་ཀྲུང་གོ་མི་དམངས་ཀྱིས་དྲང་བདེན་འཛིན་པ་དང་ཞི་བདེ་སྲུང་སྐྱོང་བྱས་ཚུལ་ངས་ནམ་ཡང་བརྗེད་མི་སྲིད་ཅེས་དྲན་གསོ་བྱེད་བཞིན་བརྗོད་པ་རེད།
      འཕེལ་རྒྱས་ཀྱི་དུས་སྐབས་གསར་པར་ཀྲུང་གོས་ནུས་ཤུགས་ཡོད་རྒུས་རོགས་སྐུལ་བྱས་པ།
     2015ལོའི་ཟླ་8པར་ཨེ་ཅིབ་ཀྱིས་སྔར་ནས་ཡོད་པའི་སྤྱི་ལེ་193གྱི་སུའུ་དབྱི་ཧྲི་མིས་བཟོས་གཙང་པོའི་ཆུ་ལམ་དུམ་བུ་བྱང་མར་སུའུ་དབྱི་ཧྲི་མིས་བཟོས་གཙང་པོ་གསར་པ་ཞིག་བཟོས་པར་ཁྱོན་རིང་ཚད་སྤྱི་ལེ་72ཡོད་པ་རེད། སུའུ་དབྱི་ཧྲི་མིས་བཟོས་གཙང་པོའི་ཆ་ཤས་ཤིག་ཡིན་པའི་མིས་བཟོས་གཙང་པོ་གསར་པས་སྔར་ཡོད་ཀྱི་ཆུ་ལམ་ཐོག་གྲུ་གཟིངས་གཉིས་གཤིབ་ངང་ཕར་འགྲོ་ཚུར་འོང་བྱེད་པའི་ཆ་རྐྱེན་བཏོད་ཡོད། དེ་ལས་གྲུ་གཟིངས་གཏོང་རྒྱུ་སྒུག་པའི་དུས་ཚོད་དེ་གོང་གི་ཆུ་ཚོད་22ནས་ཆུ་ཚོད་11བར་ཐུང་དུ་སོང་བ་དང་འབྲེལ་གྲུ་གཟིངས་ཆེ་རིགས་ཀྱང་ཤར་གཏོང་ཐུབ་ནས་མིས་བཟོས་གཙང་པོར་གྲུ་གཟིངས་ཤར་གཏོང་ཐུབ་ནུས་མཐོ་རུ་སོང་ཡོད། སུའུ་དབྱི་ཧྲི་མིས་བཟོས་གཙང་པོ་དེ་ཉིད་ཀྱང་དེའི་དབང་གིས་འཕེལ་རྒྱས་ཀྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད།
      འདི་ལོའི་ཟླ་8པར་འཚོགས་པའི་སུའུ་དབྱི་ཧྲི་མིས་བཟོ་གཙང་པོ་གསར་པར་གྲུ་གཟིངས་ཤར་གཏོང་ཐུབ་ནས་ལོ་4འཁོར་བར་རྟེན་འབྲེལ་ཞུ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག སུའུ་དབྱི་ཧྲི་མིས་བཟོས་གཙང་པོ་དོ་དམ་ཅུས་ཀྱི་ཀྲུའུ་ཞི་མུའུ་ཧ་པུའུ·མཱ་རྨི་ཧྲེང་གིས་2018ནས་2019ཡི་ནོར་སྲིད་ལོ་འཁོར་གྱི་སུའུ་དབྱི་ཧྲི་མིས་བཟོས་གཙང་པོའི་ཡོང་འབབ་ཨ་སྒོར་དུང་ཕྱུར་59ཟིན་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་ཅེས་བཤད། མཱ་རྨི་ཧྲེང་གིས་བཅར་འདྲི་དང་ལེན་བྱེད་སྐབས་སུའུ་དབྱི་ཧྲི་ཁུལ་ཁོངས་སླར་ཡང་དར་རྒྱས་བྱུང་བ་དེ་ཆུ་ལམ་གསར་པ་ཤར་གཏོང་ལས་ཕན་པ་ཐོབ་པ་མ་ཟད། ཀྲུང་གོ—ཨེ་ཅིབ་ཀྱི་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་ལས་དེ་བས་ཕན་པ་ཐོབ་ཡོད་ཅེས་ནན་བཤད་བྱས་པ་རེད།
      ཀྲུང་གོ—ཨེ་ཅིབ་ཀྱི་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་ནི་ཀྲུང་ཨེས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་63རིང་ཀྲུང་ཨེའི་དངོས་སྒྲུབ་མཉམ་ལས་འཕེལ་རྒྱས་ཟབ་མོ་བྱུང་ཡོད་ལ། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པའི་རྗེས། ཀྲུང་ཨེའི་དངོས་སྒྲུབ་མཉམ་ལས་ལ་སྒུལ་ཤུགས་གསར་པའང་ཐོབ་ནས་སུའུ་དབྱི་ཧྲི་མིས་བཟོས་གཙང་པོར་དམིགས་པའི་ཕྱོགས་གཉིས་པོའི་མཉམ་ལས་ཀྱང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།
     ཨེ་ཅིབ་ཀྱི་སུའུ་དབྱི་ཧྲི་མིས་བཟོས་གཙང་པོའི་དཔལ་འབྱོར་ཁུལ་གྱི་ཀྲུའུ་ཞི་ཡེ་ཧའེ་ཡཱ·ཀྲ་ཅིས་ཀྲུང་ཨེའི་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་དེས་ད་བར་སུའུ་དབྱི་ཧྲི་མིས་བཟོས་གཙང་པོའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་དང་རྒྱ་སྐྱེད་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་འདོན་ཡོད་ཅེས་བཤད་པ་རེད།