འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་21ཉིན།

༄༅༎བོད་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་ཐབས་གསར་གཏོད་དང་ཐབས་མང་མཉམ་སྤྱོད་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་21ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འོད་ཟེར་ཉིན་རེའི་ཚགས་པར་དུ་ལྷ་ས་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། བོད་ཀྱིས་བྱ་ཐབས་གསར་གཏོད་དང་ཐབས་མང་མཉམ་སྤྱོད་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་སའི་རང་བཞིན་དང་ཕན་ནུས་ཆེ་རུ་ཏན་ཏིག་བཏང་སྟེ། བརྗོད་དོན་གཙོ་བོའི་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་དང་། སེམས་ལ་ཟུག་པ། ཏན་ཏིག་བཅས་ཡོང་བར་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་བས་ཕན་འབྲས་དངོས་ཐོན་ཡོད་པ་རེད།
     བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ་སོགས་བྱ་ཐབས་སྣ་མང་སྤྱད་ནས། བརྗོད་དོན་གཙོ་བོའི་སློབ་གསོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། ས་ཁོངས་ནང་གི་ཏང་ཡོན་ལས་བྱེད་པའི་གནས་ཚུལ་ལ་གཞིགས་ནས་བོད་ཀྱིས་བྱ་ཐབས་གསར་གཏོད་དང་ཏང་ཡོན་དང་མང་ཚོགས་དབར་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་བྱས་པས། བརྗོད་དོན་གཙོ་བོའི་སློབ་གསོ་དེ་བས་གསོན་ཉམས་ལྡན་པ་དང་། དེ་བས་གསོན་ཤུགས་ལྡན་པ། དེ་བས་མང་ཚོགས་དང་འབྲེལ་འདྲེས་བཅས་བྱུང་ཡོད་པ་རེད།
     ཆ་སྙོམས་ས་བབ་སྨི་4500ཟིན་པའི་བོད་ལྗོངས་མངའ་རིས་ས་ཁུལ་དུ་མངའ་རིས་ས་ཨུད་ཀྱིས་གྲོང་ཚོ་དང་། དུད་ཚང་། འབྲོག་ར་བཅས་སུ་བསྐྱོད་པའི་བྱ་ཐབས་སྤྱད་ཅིང་། ས་ཁུལ་དང་རྫོང་གི་སྒྲོག་འགྲེལ་ཚོགས་པ་8དང་ཤང་དང་གྲོང་རྡལ་གྱི་སྒྲོག་འགྲེལ་ཚོགས་པ་37བཙུགས་པ་དང་། ཞིང་འབྲོག་ཁུལ་གྱི་དུས་རབས་གསར་པའི་ཁྲིད་སྦྱོང་ཁང་145བཙུགས་ནས། གཞི་རིམ་གྱི་ཏང་ཡོན་དང་མང་ཚོགས་ལ་དཀའ་གནད་སེལ་རོགས་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་ཕུལ་བྱུང་ཞིང་འབྲོག་པའི་ཏང་ཡོན་སྒྲིག་འཛུགས་ཀྱིས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་སྦག་སྦག་སྒྲོག་འགྲེལ་རུ་ཁག་20དང་། ས་བབ་མཐོ་བ་དང་ལུང་ཁུག་ས་ཁུལ་གྱི་དྲེལ་པའི་སྒྲོག་འགྲེལ་རུ་ཁག་10 རྐང་ཐང་མའི་སྒྲོག་འགྲེལ་རུ་ཁག་30བཅས་བཙུགས་ནས་ཏང་གི་དམིགས་བསལ་ཐུགས་ཁུར་དང་གཟིགས་སྐྱོང་སྲིད་ཇུས་ཁྱིམ་ཚང་ཚང་མར་བརྒྱུད་བསྒྲགས་བྱས་ཡོད།
     བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཕྲོད་བསྟེན་བདེ་ཐང་ལས་དོན་ཁྲོད་ཀྱི་གནད་དོན་35གསེད་བཀྲོལ་བྱས་ཏེ་དག་ཐེར་བྱ་ཐབས་37བཏོན་ཡོད། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་བོད་ཀྱི་ནོར་སྲིད་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལྟེ་བའི་ལས་དོན་དང་མང་ཚོགས་ཀྱི་རེ་སྒུག་ཆེ་ཤོས་དང་། འཕྲལ་མཁོ་ཆེ་ཤོས། སེམས་ཁྲལ་ཆེ་ཤོས། དགོས་མཁོ་ཆེ་ཤོས་བཅས་ཀྱི་གནད་དོན་ལ་དམིགས་ནས་རང་འགུལ་ངང་བརྟག་ཞིབ་བྱས་པ་དང་ཆེད་དོན་བརྟག་ཞིབ་སྙན་ཞུ་12གྲུབ་ཡོད། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་རྒྱབ་སྐྱོར་མ་དངུལ་ལོགས་སུ་བཀོད་སྒྲིག་བྱས་ནས། ཟླ་8པའི་ཟླ་མཇུག་ཏུ་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་ག་ནས་2019ལོའི་ཁག་དང་པོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་དངུལ་སྒོར་ཁྲི་3231.46སྤྲད་ཡོད།
     བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཚན་པས“དམངས་ལ་ཞབས་འདེགས་ཞུས་ཏེ་དཀའ་གནད་སེལ་བའི”དམིགས་ཚད་ལ་གཞིགས་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་སེམས་ཁྲལ་ཆེ་ཤོས་བྱེད་པའི་གནད་དོན་ལ་གཙོ་གནད་ཐོག་ཆེད་དོན་བཅོས་སྒྲིག་བྱས་ཏེ་འཕྲལ་སྒྲུབ་འཕྲལ་བཅོས་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས“སློབ་སྦྱོང་ཆེ་མོ་དང་། བརྟག་ཞིབ་ཆེ་མོ། སློབ་གསོ་ཆེ་མོ”བཅས་དང་། “ཞིང་དུད་དུ་བསྐྱོད་པ་དང་། དུད་ཚང་ཚང་མར་བསྐྱོད་པ”སོགས་ཀྱི་བྱེད་སྒོ་སྤེལ་བས། བརྟག་ཞིབ་ལས་དོན་རྫོང(ཆུས)དང་ཤང(གྲོང་རྡལ)ཚང་མར་ཁྱབ་ཡོད། དམངས་ཀྱི་འདོད་བློ་ཤེས་རྟོགས་ཏན་ཏིག་བྱས་ཏེ་ཕྱོགས་མང་པོའི་བསམ་འཆར་དང་གྲོས་འགོ་འཚོལ་ཞིབ་རྒྱ་ཁྱབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བརྟག་ཞིབ་སྙན་ཞུ་1300ལྷག་ཙམ་བྲིས་པ་དང་། བརྩེ་སེམས་ཟབ་མོར་བརྟེན་ནས་མི་དམངས་ཀྱི་སེམས་ཁྲལ་སེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་དཀའ་ངལ་དངོས་དང་གཞི་རིམ་ཏང་འཛུགས་སྐྱོང་དང་། དམངས་འཚོ། མཐའ་མཚམས་ཚོང་དོན་སོགས་ཀྱི་གནད་དོན་3000ལྷག་ཙམ་ཐག་གཅོད་ནུས་ལྡན་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་ལ་དམིགས་ནས་མངོན་མེད་རྐྱེན་ངན་སྣ་ཚོགས་418བསལ་བ་དང་གནད་དོན་ཁག་350དག་ཐེར་བྱས་ཏེ་མང་ཚོགས་ཆེད་བྱ་བ་དངོས་དང་བྱ་བཟང་1740བསྒྲུབས་པ་དང་མང་ཚོགས་ཀྱི་དཀའ་གནད་731བསལ་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།