འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་20ཉིན།

༄༅༎མཚོ་སྔོན་གནམ་ཐང་གིས་འབྲོག་པ་ཚོ་རུ་ཁ་ནས་གནམ་གྲུའི་སྒོ་ཁའི་བར་སྐྱེལ་བསུ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་20ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ལོ་33ལ་སླེབས་པའི་ཐར་རྣས་སྒོ་ཕྱེ་ནས་གྲ་སྒྲིག་བྱས་ཟིན་པའི་རྡོག་ཁྲེས་ཆེན་པོ་འགའ་སྒོ་ཁར་སྒུག་ནས་ཡོད་པའི་གནམ་ཐང་གི་ལས་དོན་མི་སྣར་སྤྲད་རྗེས། རང་ཉིད་ཀྱིས་ཁུག་མ་ཆུང་ངུ་ཞིག་ཁྱེར་ནས་གནམ་ཐང་དུ་བསྐྱོད།
     “ཧྭ་ཐོའུ་ཀོའུ་གནམ་ཐང་གི་ཞབས་ཞུ་འདི་དངོས་གནས་སྟབས་བདེ་པོ་འདུག སྔ་ས་ནས་སྐད་འཕྲིན་བརྒྱུད་དེ་ལབ་ཙམ་བྱས་ཚེ་གནམ་ཐང་གིས་རྡོག་ཁྲེས་དབོར་མཁན་མངགས་ཡོང་གི་འདུག་པས། རང་ཉིད་ཀྱིས་ཁྱེར་ཨེ་ཐུབ་མི་ཐུབ་བྱེད་དགོས་ཀྱི་མི་འདུག” མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མང་ཡག་གྲོང་ཁྱེར་ཧྭ་ཐུའུ་ཀོའུ་གྲོང་རྡལ་དར་སེང་གྲོང་ཚོའི་འབྲོག་པ་ཐར་རྣ་ལ་མཚོན་ན། གནམ་ཐང་གི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཀྱིས་རྡོག་ཁྲེས་དང་བཅས་པ་རིན་མེད་སྐྱེལ་ལེན་བྱས་པས། རང་གི་རུ་ཁ་ནས་གནམ་གྲུའི་སྒོ་ཁའི་བར་སྤྱི་སྤྱོད་རླངས་འཁོར་ལ་སྡོད་པ་ཇི་བཞིན་སྟབས་བདེ་པོ་བྱུང་ཡོད།
     མཚོ་སྔོན་གནམ་ཐང་ཀུང་སི་ཧྭ་ཐུའུ་ཀོའུ་གནམ་ཐང་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་གོ་ཝེ་ཡིས། ས་གནས་དེ་གའི་འབྲོག་པ་མང་ཚོགས་གནམ་གྲུར་སྡོད་བདེ་པོ་ཡོང་ཆེད། ཧྭ་ཐུའུ་ཀོའུ་གནམ་ཐང་གིས་དྲ་ཐོག་དང་དྲ་ཕྱི་ནས་དམངས་ཕན་བྱེད་ཐབས་མི་ཉུང་བ་ཞིག་ལག་ལེན་བསྟར་ཡོད། “ང་ཚོས་དྲ་ཐོག་ནས‘ཞབས་ཞུ་རྩེ་གྲའི’སྐད་འཕྲིན་ཚོགས་པ་ཁ་ཤས་ཤིག་བཙུགས་ཡོད། ཚོགས་པ་རེ་རེར་བློ་འདྲིའི་དོ་དམ་པ་འགའ་རེ་ཡོད་པས། གནད་དོན་ཡོད་ཚེ་མང་ཚོགས་ཀྱིས་ཚོགས་པའི་ནང་དུ་ཐད་ཀར་བཏོན་ཆོག ཐ་ན་སྤ་སེ་ཡང་ཚོགས་པའི་ནང་ནས་ཉོ་ཆོག”ཅེས་ངོ་སྤྲོད་བྱས།
     དྲ་ཐོག་གི་སྐད་འཕྲིན་ཞབས་ཞུའི་ཚོགས་པ་བཙུགས་པ་ཕུད། ཧྭ་ཐུའུ་ཀོའུ་གནམ་ཐང་གིས་ད་དུང་དྲ་ཕྱི་ནས་ཀྱང་གནམ་ཐང་གི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་རིན་མེད་ངང་སྡོད་པ་དང་། རྡོག་ཁྲེས་ཆེ་གྲས་རིན་མེད་སྐྱེལ་ལེན། དཀའ་ངལ་ཡོད་པའི་འགྲུལ་པ་གནམ་ཐང་དུ་འབྱོར་པ་ནས་ཁ་གྱེས་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་རོགས་པ་བྱེད་པ་སོགས་ཀྱི་བྱེད་ཐབས་མང་པོ་ཡང་ལག་ལེན་བསྟར་གྱི་ཡོད།
     ཧྭ་ཐུའུ་ཀོའུ་གནམ་ཐང་གི་བྱེད་ཐབས་འདི་དག་ནི་གནམ་ཐང་རེ་གཉིས་དང་དུས་མཚམས་ཁ་ཤས་རུ་སྤེལ་བ་ཞིག་མིན་ཏེ། ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཟླ་11ནས་བཟུང་། མཚོ་སྔོན་གནམ་ཐང་ཀུང་སིས་གོར་མོ་དང་། ཡུལ་ཤུལ། གཏེར་ལེན་ཁ། ཧྭ་ཐུའུ་ཀོའུ། མགོ་ལོག མདོ་ལ་བཅས་ཡན་ལག་གནམ་ཐང་6ཡོད་སའི་ས་ཁུལ་དུ“ས་ཁོངས་ཧྲིལ་པོ་དམངས་ཕན་དང་བརྒྱུད་རིམ་ཧྲིལ་པོར་སེམས་ཁྲལ་མེད་པའི”མཁའ་འགྲུལ་ཕྱིར་སྐྱོད་རྣམ་གྲངས་ལག་ལེན་བསྟར་ཏེ། དམངས་ཚོགས་ལ་རོགས་རམ་དང་སྣེ་ཁྲིད་སོགས་ཞབས་ཞུ་མང་པོ་མཁོ་འདོན་བྱས་པ་རེད། ཞབས་ཞུའི་ཁྱབ་ཁོངས་སུ་གྲོང་ཚོ་དང་འབྲོག་སྡེ་ཨུ་ལྷན་600ལྷག་ཙམ་ཚུད་དེ། ཐག་རིང་ལུང་ཁུག་གི་དམངས་ཚོགས་ཁྲི་70ལྷག་ཙམ་ཕྱིར་བསྐྱོད་རྒྱུར་སྔར་བས་སྟབས་བདེ་བསྐྲུན་ཡོད།