འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་16ཉིན།

༄༅༎མཚོ་སྔོན་གྱིས་བྱེ་བཅོས་བྱས་ནས་གཙང་གསུམ་ཆུ་འགོར་སྲུང་སྐྱོང་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་16ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཅང་ཀྲི་ཡུན་གྱིས་ལས་ཀར་ཞུགས་པ་ནས་ད་བར་དུ་བྱེ་འགོག་བྱེ་བཅོས་ཀྱི་ལས་ལ་གཞོལ།
     ལོ་52ལ་སོན་པའི་ཅང་ཀྲི་ཡུན་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་རྫོང་རང་བྱུང་ཐོན་ཁུངས་ཅུས་གཙང་གསུམ་ཆུ་འགོ་གཞུང་ལས་ཁང་གི་ཀྲུའུ་རེན་ཡིན་པ་རེད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི་997.4ཡོད་པ་ལས་བྱེ་འགྱུར་གྱི་རྒྱ་ཁྱོན་མུའུ་ཁྲི་342(བྱེ་ཐང་གི་རྒྱ་ཁྱོན་མུའུ་ཁྲི་142)ཟིན་པ་དང་། བྱེ་འགྱུར་ས་ཆ་གཙོ་བོ་མུ་གེ་ཐང་དང་དེའི་མཐའ་འཁོར་ས་ཁུལ་ཡིན་ཞིང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་6ལ་འབྲེལ་བ་ཡོད་པ་རེད།
     དུས་རབས་གོང་མའི་དུས་དཀྱིལ་གྱི་གོང་དུ། མུ་གེ་ཐང་དང་བྱེ་སྣའི་མཐའ་འཁོར་གྱི་བྱེ་ཁྱོན་ལོ་རེར་སྨི་5ནས་15བར་གྱི་མྱུར་ཚད་ཐོག་ནས་ཆེ་རུ་ཕྱིན་ནས། ལོ་རེར་རྩྭ་ས་དང་ཞིང་ས་མུའུ་3000ཙམ་བྱེ་མས་མནན་ཏེ། འབྲོག་པ་ཁ་ཤས་གནས་སྤོ་མི་བྱེད་ཐབས་མེད་བྱུང་བ་རེད།
     འབྲོག་པ་ལྷ་རྩེ་རྒྱལ་གྱིས“སྔོན་ཆད་བྱེ་རླུང་ཆེན་པོ་ལྡང་ནས། ང་ཚོའི་རྩྭ་ས་ཡང་བྱེ་མས་མནན་པས་ནོར་ལུག་ལ་རྩྭ་ཡང་ཟ་རྒྱུ་མི་འདུག འཁྲིས་ཀྱི་གཞུང་ལམ་ཡང་བྱེ་མས་སྣུབས་ཀྱི་འདུག”ཅེས་བརྗོད།
     དུས་རབས་གོང་མའི་ལོ་རབས་90ནས་བཟུང་། མང་རྫོང་སྲིད་གཞུང་གིས་བྱེ་འགྱུར་ས་ཆ་བཅོས་སྒྲིག་གཙོ་བོར་བྱེད་པའི་སྣོད་བཅུད་བཅོས་སྒྲིག་བྱེད་ཐབས་བཏོན་པ་དང་། ལོ་20ལྷག་ཙམ་རིང་། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་13ལྷག་བཏང་ནས་བྱེ་འགྱུར་རྒྱ་ཁྱོན་མུའུ་ཁྲི་166.5བཅོས་སྒྲིག་བྱས་པ་ལས། མི་ཐབས་ལ་བརྟེན་ནས་བྱེ་བཅོས་ནགས་འཛུགས་མུའུ་ཁྲི་110བྱས་ནས། “བྱེ་འགྱུར་མི་ཐོན”ནས“སྔོ་འགྱུར་བྱེ་བཅོས”བར་འགྱུར་ལྡོག་བྱུང་ཡོད།
     སྔོན་ཆད་བྱེ་བཅོས་སྐབས་ཀྱི་དཀའ་ཚེགས་གླེང་སྐབས། ཅང་ཀྲི་ཡུན་གྱི་གདོང་ནས་ད་དུང་དཀའ་སྡུག་གི་རྣམ་པ་ཞིག་མངོན་གྱི་འདུག
     ཅང་ཀྲི་ཡུན་གྱིས། སྔོན་ཆད་ལག་རྩལ་ཡག་པོ་མེད་པའི་ཁར་བྱེ་བཅོས་བྱེད་མཁན་མི་ཡང་མང་པོ་མེད་པས། སྲིད་གཞུང་གིས་ས་གནས་དེ་གའི་མི་སེར་སྐུལ་སློང་བྱས་ནས་བྱེ་བཅོས་བྱེད་དུ་བཅུག་པ་རེད། “དང་ཐོག་ལག་རྩལ་པ་གསོ་སྦྱོང་བྱས་པ་དང་། རྗེས་སུ་ལག་རྩལ་པས་བྱེ་བཅོས་ལག་རྩལ་མི་སེར་ཚོར་བསླབས་པ་རེད། ས་གནས་རང་གི་བོད་རིགས་དང་ཧུད་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་བྱེ་བཅོས་ལས་དོན་ནང་ཧུར་ཐག་ཞུགས་ཡོད”ཅེས་བརྗོད་པ་རེད།
     “གནམ་གཤིས་ཚ་བ་ཆེ་བ་ནི་བྱེ་བཅོས་རིང་གི་ཚོད་བགམ་ཆེན་པོ་ཞིག་ཡིན། སྐབས་དེར་བྱེ་སའི་ས་ངོས་དྲོད་ཚད་ཧྲེ་ཧྲི་ཏུའུ་60ཙམ་ཟིན་གྱི་འདུག མཚམས་རེར་ཐོལ་ཆར་ཞིག་བབས་རྗེས་བྱེ་ས་ཚ་ཞིང་བཤེར་བར་གྱུར་ཏེ་རླངས་པ་ཐོན་གྱི་འདུག མཚོ་བོད་ས་མཐོར་ཡང་ཚ་གདུག་ཕོག་མཁན་འདི་འདྲའི་མང་པོ་ཡོད་པ་སུ་ཡིས་ཤེས”ཞེས་ཅང་ཀྲི་ཡུན་གྱིས་བརྗོད།
     ཅང་ཀྲི་ཡུན་གྱིས། སྐབས་དེར་ཡུལ་མི་ལས་བཟོ་པ་ཁ་ཤས་ཀྱིས་ལྷམ་མཐིལ་འགྱིག་ཡིན་པའི་ལྷམ་གྱོན་ཡོད་པས། དྲོད་ཚད་ཧ་ཅང་མཐོ་རྐྱེན་ལས་ཀ་གྲོལ་ནས་ནང་དུ་ལོག་སྐབས་ལྷམ་མཐིལ་བཞུར་ནས་སར་འབྱར་འགྲོ་གི་ཡོད། “ལས་མི་མང་པོ་ཞིག་ནང་དུ་སླེབས་སྐབས་ལྷམ་མཐིལ་འཕྲོ་བརླག་ཏུ་ཕྱིན་ཚར་འདུག ང་ཚོས་ཁོར་ཡུག་འདི་འདྲའི་ནང་བྱེ་བཅོས་བྱས་པ་ཡིན”ཞེས་ཕྱིར་དྲན་བྱས།
     ད་ཆ་མང་རྫོང་གི་མུ་གེ་ཐང་དང་བྱེ་སྣར་སླེབས་སྐབས་གང་སར་སྦྱར་བ་དང་། གླ་ཚེར། ལྕང་མ་སོགས་སྐྱེས་ནས་སྔོ་ཐིང་ངེར་ཡོད་པ་མཐོང་ཐུབ། འབྲོག་པ་ཚོས་ཀྱང“སྔོན་ཆད་འབྲོག་པར‘བརྙས་བཅོས’བྱེད་མཁན་གྱི་བྱེ་མ་ད་ཆ་འདི་འདྲའི་ཉམ་ཆུང་དུ་གྱུར་པ་རྨི་ལམ་དུ་ཡང་འཁོར་མྱོང་མེད”ཅེས་བརྗོད།
     མཚོ་བོད་ས་མཐོར་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་མང་ཆེ་བ་སྐམ་ཁུལ་དང་ཕྱེད་སྐམ་ཁུལ་དུ་གཏོགས་པས། བྱེ་འགྱུར་རྒྱ་ཁྱོན་མུའུ་དུང་ཕྱུར་1.87ཟིན་ཡོད། མཚོ་སྔོན་ནི“གཙང་གསུམ་ཆུ་འགོ”དང་ཀྲུང་གོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། སྣོད་བཅུད་ཁོར་ཡུག་ཡག་པོ་ཡོད་མེད་དེ་རྒྱལ་ཡོངས་རྒྱུན་མཐུད་འཕེལ་རྒྱས་ཐུབ་མིན་དང་འབྲེལ་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་རང་བྱུང་སླར་གསོ་དང་མི་ཐབས་ལ་བརྟེན་ནས་སླར་གསོ་ཟུང་འབྲེལ་བྱས་ཐོག“ནགས་བཟོ”དང་། “དོ་དམ” “བཀག་རྒྱ”སོགས་ཀྱི་ཕྱོགས་བསྡུས་བྱེད་ཐབས་སྤྱད་དེ། ལྗོན་ཤིང་སོགས་ལྗང་མྱུག་མང་པོ་བཏབ་ནས་སྣོད་བཅུད་བར་མཐོངས་ཆེ་རུ་བཏང་བ་རེད། ལོ་ལྔའི་རིང་། མ་དངུལ་སྒོར་དུང་ཕྱུར་210བཏང་ནས། ནགས་ཚལ་མུའུ་ཁྲི་1275.7ལེགས་སྒྲུབ་བྱས་པ་དང་། འོས་འགན་ཤིང་འཛུགས་སྡོང་རྐང་ཁྲི་7500བཙུགས་ཡོད་པ་རེད། 2017ལོ་ཁོ་ནར་མཚོ་སྔོན་གྱི་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་400ལས་བརྒལ་ཡོད།
     ཁོ་ཐུའུ་ནི་ཡར་སྔོན་མཚོ་སྔོན་པོའི་ཤར་བྱང་རྒྱུད་ཀྱི་བྱེ་ཁུལ་ཞིག་ཡིན། ལོ་40ལྷག་རིང་བཅོས་སྒྲིག་བྱས་པ་བརྒྱུད། སྔོན་ཆད་བྱེ་རླུང་འུར་འུར་དུ་ལྡང་བའི་ཁོ་ཐུའུ་ས་ཁུལ་ཡང་ལྗང་ཐིང་ངེར་མཚོ་སྔོན་པོའི་བྱང་ངོགས་ཀྱི་བྱེ་རླུང་ལྡང་ཁུལ་གྱི་རིང་ཚད་སྤྱི་ལེ་8དང་ཞེང་ཚད་སྤྱི་ལེ་3ཡོད་པའི་ལྗང་མདོག་གི་སྲུང་ཡོལ་ཞིག་ཏུ་གྱུར་ནས། བྱེ་དེའུ་ཤར་དུ་མཆེད་རྒྱུ་བཀག་འགོག་ཐུབ་སྟེ། མཚོ་སྔོན་པོའི་ལྟེ་བའི་ས་ཁོངས་ཀྱི་སྣོད་བཅུད་བདེ་འཇགས་འགན་ལེན་བྱས་ཡོད།
     ཁོ་ཐུའུ་བྱེ་ཁུལ་ནི་མཚོ་སྔོན་པོའི་སྐོར་ལམ་ཤར་མའི་རྒྱུད་དུ་ཡོད་ལ། ད་ཆ་སྔོ་ལྗང་ཡིད་འོང་གི་ནགས་ཁུལ་ཞིག་ཏུ་གྱུར་ཡོད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་གཞུང་ཁོངས་ནགས་རའི་ཁྲང་ཀྲང་ཏང་ཡུང་ཧྲོའུ་ཡིས། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་། འདི་ག་ནི་མིག་གིས་མཐོང་ཚད་བྱེ་མས་མནན་པའི་བྱེ་ཁུལ་རེད། མཚོ་བོད་ལྕགས་ལམ་དང་དྲང་ཐིག་བར་ཐག་སྨི་100ལས་མེད་པས། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དགུ་བཅུའི་ནང་། མཚན་གཅིག་རིང་ལྕགས་ལམ་བྱེ་མས་མནན་པའི་གནས་ཚུལ་ཐེངས་མང་ཐོན་མྱོང་ཡོད་ཅེས་གསར་འགོད་པར་བརྗོད།
     “ང་ཚོའི་འདི་གར་སྤྱིར་ན་ནུབ་རླུང་ལྡང་གི་ཡོད་པས། བྱེ་དེའུ་ལོ་རེར་ནུབ་ནས་ཤར་དུ་སྨི་5ཙམ་མཆེད་ཀྱི་ཡོད”བྱེ་དེའུ་མདུན་དུ་མཆེད་ནས་མཚོ་བོད་ལྕགས་ལམ་དང་མཚོ་སྐོར་གཞུང་ལམ་ལ་ཤུགས་རྐྱེན་ངན་པ་བཟོ་ཡི་ཡོད་པར་བརྟེན། ལྕགས་ལམ་དང་གཞུང་ལམ་སྡེ་ཚན་གྱིས་ལོ་ལྟར་མི་རྒྱུ་དངོས་གསུམ་འབོར་ཆེན་བཏང་སྟེ་བྱེ་བཅོས་ལམ་སྲུང་བྱེད་ཀྱི་ཡོད་ཅེས་ཏང་ཡུང་ཧྲོའུ་ཡིས་བརྗོད།
     དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་དུས་འགོར། དཔྱད་གཞི་དང་ཉམས་མྱོང་གང་ཡང་མེད་པའི་གནས་ཚུལ་འོག ནགས་ལས་བཟོ་བ་མི་རབས་ཁ་ཤས་ཀྱིས་བརྩོན་ཞིབ་ཐེངས་མང་བྱས་པ་བརྒྱུད། བྱེ་རགས་རྒྱག་པ་དང་། ལྕང་མ་འཛུགས་པ། རྩྭ་འདེབས་པ་སོགས་ས་མཐོའི་གྲང་ངར་ཆེ་བའི་བྱེ་ཁུལ་དུ་འཚམ་པའི་སྔོན་ཐོན་གྱི་སྤྱོད་གོ་ཆོད་པའི་ལག་རྩལ་རབ་དང་རིམ་པ་ཚོད་ལྟ་ལེགས་སྒྲུབ་བྱུང་ནས་ས་མཐོའི་གྲང་ངར་ཆེ་བའི་བྱེ་ཁུལ་དུ་གསོན་ཚད་མང་བ་དང་ཕན་འབྲས་ཐོན་མགྱོགས་པའི་བྱེ་བཅོས་ནགས་གསོའི་ལམ་བུ་གསར་པ་ཞིག་བཏོད་ཡོད།
     མདའ་བཞི་རྫོང་ནགས་ལས་ས་ཚིགས་ཀྱི་ཀྲེན་ཀྲང་མ་ཝུན་ཧུའུ་ཡིས། ནགས་བཟོ་ཤིང་འཛུགས་རྐྱང་པའི་དོན་དངོས་ལ་དམིགས་ནས་ཁོང་ཚོས་གང་སར་སློབ་སྦྱོང་དང་སྐད་ཆ་དྲིས་པ་དང་རྒྱུན་ཆད་མེད་པར་ཚོད་ལྟ་དང་འཚོལ་ཞིབ་བརྒྱུད། ཀྲང་ཙེ་གསོམ་སྡོང་གི་སྐྱེ་དངོས་རིག་པའི་ཁྱད་ཆོས་ཁོང་དུ་ཆུད་ནས་བདེ་བླག་ངང་ནང་འདྲེན་བྱས་པ་དང་འབྲེལ་གཞི་ཁྱོན་ཆེན་པོའི་སྒོ་ནས་ཁྱབ་གདལ་བཏང་བ་དེས། ས་མཐོའི་གྲང་ངར་ཆེ་བའི་བྱེ་ཁུལ་དུ་ཤིང་འཛུགས་ནགས་བཟོ་ཐུབ་ནས་དེ་སྔའི་ལྗོན་ཤིང་མེད་པའི་སྟོང་ཆ་གསབ་ཅིང་། ད་ཆ་མི་རྣམས་ཀྱིས་མཐོང་བའི་ལྕང་མ་དང་རྩི་ཤིང་མཉམ་དུ་སྐྱེས་པའི་རང་བྱུང་བྱེ་ཐང་གི་སྐྱེ་ཁམས་མ་ལག་འདི་གྲུབ་ཡོད་ཅེས་བརྗོད།
     ཁོ་ཐུའུ་སྔོ་གཟིགས་སྒང་ནས་ནུབ་ལ་ལྟ་སྐབས། དེ་སྔའི་རྩི་ཤིང་རྐང་གཅིག་ཀྱང་མེད་པའི་བྱེ་ཐང་དེ་ད་ཆ་སྔོ་ལྗང་གི་རྒྱ་མཚོ་ལྟ་བུར་གྱུར་ཡོད།