འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་16ཉིན།

༄༅༎སྔོན་གཤེགས་དཔའ་བོའི་ཞབས་རྗེས་སྙེགས།

—— ཁྲོན་བོད་གཞུང་ལམ་རྒྱུད་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ལ་རྗེས་དྲན་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་16ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     བོད་ལྗོངས་སྤོ་བོ་རྫོང་གི་ཁྲོན་བོད་གཞུང་ལམ་འགྲམ་གྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་རྩེ་མོ་ནམ་མཁར་སྙེག་འདྲའི་ལྗོན་ཤིང་གིས་མཐའ་སྐོར་ཞིང་། ཉི་ཟེར་དག་ལྗོན་ཤིང་གསེབ་ནས་བང་སོའི་རྡོ་རིང་རེ་རེར་འཕྲོ་བ་དང་། སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཉམས་བཟོ་བྱེད་མཁན་བཟོ་པས་བང་སོའི་སྐྱེད་ཚལ་དུ་རྐང་ཐང་བགྲོད་ལམ་གསར་པ་ཞིག་འདིང་བཞིན་འདུག
     བོད་ལྗོངས་དང་མེས་རྒྱལ་ནང་ས་འབྲེལ་མཐུད་བྱེད་པའི་བགྲོད་ལམ་ཆེན་པོ་ཁྲོན་བོད་གཞུང་ལམ་ནི་སི་ཁྲོན་ཁྲེང་ཏུའུ་ནས་བོད་ལྗོངས་ལྷ་སའི་བར་ཡིན་པ་དང་ལམ་ཐག་སྤྱི་ལེ་2000ཟིན་པའི་གཞུང་ལམ་བཟོ་སྐབས་འཐབ་འཛིང་པ་3000ལྷག་ཙམ་དེར་རང་སྲོག་ཤོར་བ་དང་ཆ་སྙོམས་བྱས་ན་སྤྱི་ལེ་རེར་ཉུང་མཐར་ཡང་དཔོན་དམག་གཅིག་གི་ཚེ་སྲོག་ཤོར་ཡོད།
     དུས་རབས་གོང་མའི་ལོ་རབས་50པར། རི་བོའི་མུ་ཁྱུད་དང་ལང་ལོང་གི་གཙང་པོ་ནི་བོད་ལྗོངས་དང་ནང་ས་དབར་གྱི་རང་བྱུང་བཀག་རྒྱ་ཞིག་རེད། བོད་སྡོད་དཔུང་སྡེས“རི་བོ་མགོ་སྒུར་དུ་འཇུག་པ་དང་ཆུ་བོའི་བཞུར་རྒྱུན་བསྒྱུར་བའི”འབོད་ཚིག་བསྒྲགས་ཤིང་། ཁོང་ཚོས་ལ་བརྒྱབ་ཐང་བརྒལ་དང་གྲང་ངར་ལ་མ་འཛེམས་པར་ལྕགས་ཁྱེམ་དང་ཐོ་བ་སོགས་ལག་ཆ་སྟབས་བདེར་བརྟེན་ནས་ཆུ་རུད་མང་པོ་དང་ས་མཐོར་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་སྣ་ཚོཌ་ཁྱད་བསད་བྱས་ཏེ་རི་མཐོ་གཡང་གཟར་ཁྲོད་ས་མཐོའི་རང་གྲུབ་འགག་བཙན་ལས་རྣམ་པར་རྒྱལ་ཞིང་། ཚེ་སྲོག་རིན་དོད་དུ་བྱས་ཏེ་ཁྲོན་བོད་གཞུང་ལམ་ཤར་གཏོང་བྱས་པ་རེད།
     ཁྲོན་བོད་གཞུང་ལམ་གྱི་དེ་སྔའི་འགོ་འཛུགས་ས་སྟེ། སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ནས་ནུབ་ཏུ་བསྐྱོད་ན་སྤྱི་ལེ་30ཡང་མེད་པའི་ཧྥེ་ཤན་འགག་ཏུ་ཁྲོན་བོད་གཞུང་ལམ་གྱི་ཟམ་པ་དང་པོ་དེ་ཡོད། ལྕགས་ཟམ་ཤར་ངོས་ཀྱི་གཤོང་ས་ཆུང་ངུར་དེ་ཙམ་མཐོ་པོ་མེད་ཀྱང་མངོན་གསལ་དོད་པའི་བང་སོ་ཞིག་ཡོད་ལ། བང་སོའི་ནང་སྐབས་དེར་ལམ་བཟོ་སྐབས་སྐུ་གཤེགས་པའི་འཐབ་འཛིང་པ་ཁག་དང་པོའི་སྐུ་ཕུང་ཡོད།
     གཡག་རྔ་གྲོང་ཁྱེར་ཐན་ཆོན་རྫོང་ཇག་ལའི་ལམ་བཟོའི་སྔོན་གཤེགས་དཔའ་བོའི་བང་སོའི་ནང“སྔོན་གཤེགས་དཔའ་བོ་ཧྲེན་པུའུ་ཡུན་གྱི་བང་སོ”ཡོད་པ་དང་། བང་སོའི་རྡོ་རིང་ངོས་སུ་སྐྱེས་ཁུངས་ཕིང་ཡོན་ཞིང་ཆེན(ད་ལྟའི་ཧོ་ནན་ཞིང་ཆེན)ཨན་དབྱང་རྫོང་གྲོང་ཤར་འགག་སྒོ་ནས་ཡིན་པའི་འཐབ་འཛིང་པ་སྟེ། དེ་སྔ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཐོན་གཉིས་གཉིས་ཀྱི་ཡིང་གཉིས་པའི་ལན་བཞི་པའི་འཐབ་འཛིང་པ་ཧྲེན་པུའུ་ཡུན། 1950ལོའི་ཟླ་7ཚེས་13ཉིན་ལམ་བཟོ་སྐབས་སྐུ་གཤེགས་ཅེས་བྲིས་འདུག
     ས་བབ་སྨི་6168ཡོད་པའི་ཁྲོ་ལ་ནི་ལམ་བཟོའི་དཔུང་ཆེན་ལ་འཕྲད་པའི་དཀའ་གནད་དང་པོ་དེ་རེད། ཁྲོ་ལའི་ནུབ་ངོས་སུ་སྐབས་དེའི་ལམ་བཟོ་འཐབ་འཛིང་པ་ཀྲང་ཧྥུའུ་ལིན་གྱི་སྐུ་ཕུང་དུར་འཇུག་བྱས་ཡོད།
     1951ལོའི་དགུན་དུས་སུ་ཁྲོ་ལ་རྒྱག་ཆེད། ལམ་བཟོ་འཐབ་འཛིང་པ་མང་པོས་གྲང་ངར་ལ་མ་འཛེམས་པར་འཁྱགས་ས་བརྐོས་ཏེ་ཁ་བས་བཏུམས་པའི་རི་ངོས་སུ་གཞུང་ལམ་ཞིག་བཏོད་པ་དང་ཀྲང་ཧྥུའུ་ལིན་ནི་དེའི་ཁྲོད་ཀྱི་གྲས་ཤིག་ཡིན།
     ཀྲང་ཧྥུའུ་ལིན་གྱིས་སྐབས་དེར་སྒྱོགས་ཆུང་པན་དུ་འབར་གཏོར་གྱི་ལས་འགན་འཁུར་གྱི་ཡོད། ཁོང་གིས་གངས་འཁྱགས་ཁྲོད་དེ་བས་ནུས་ཆེའི་ངང་བྲག་རྡོ་གཏོར་བའི་ཐབས་ཤེས་གསར་པ་ཞིག་འཚོལ་ཞིབ་བྱས། འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ་ཟླ་12ཚེས་10ཉིན་ཁོང་གིས་བྲག་རྡོར་བརྟག་དཔྱད་བྱེད་སྐབས་བྲག་རྡོ་འགྲིལ་ནས་སྐུ་གཤེགས་པ་དང་ཉིན་དེར་ཁོང་ལོ་25ཡི་སྐྱེས་སྐར་བཏང་ཚར་ཙམ་རེད།
     དགུན་ཨ་རང་ད་རང་དེར་འཐབ་འཛིང་པ་300ལྷག་ཙམ་ཁྲོ་ལར་སྐུ་གཤེགས།
     སྤོ་བོ་རྫོང་ནུབ་ངོས་ཀྱི་སྤྱི་ལེ་བརྒྱ་ལྷག་ཙམ་གྱི་སར་ཡོད་པའི་ཐང་སྨད་གྲོང་རྡལ་དུ“དཔའ་བོ་བཅུ་ཡི་དྲན་གསོའི་རྡོ་རིང”གཅིག་ཡོད་ལ། དེའི་ཐོག་ལི་ཞན་ཝུན་དང་དབྱང་ཤིང་ཁྲུན་སོགས་མི་བཅུའི་མིང་འཁོད་འདུག 1967ལོའི་ཟླ་8པར་ཁོང་ཚོའི་སྐྱེལ་འདྲེན་རླངས་འཁོར་རུ་ཁག་ལ་རི་ཉིལ་བའི་གནོད་འཚེ་འཕྲད་པས་འཐབ་འཛིང་པ་བཅུ་དེ་གར་སྐུ་གཤེགས།
     དཔའ་བོ་བཅུའི་དྲན་གསོའི་རྡོ་རིང་གི་ཁ་སྤྲོད་དུ“ལམ་བཟོའི་བླ་སྲོག”ཅེས་པའི་ཡི་གེ་དམར་པོ་བྲིས་པའི་རྡོ་རིང་གཅིག་འདུག དེའི་ཉེ་འཁོར་གྱི་རྩྭ་རྩི་ཤིང་རླུང་བུའི་ལྡང་ཕྱོཌ་དང་བསྟུན་ནས་དབྱུཌ་དབྱུགས་བྱེད་པ་ནི་དཔའ་བོ་དག་ལ་གུས་འདུད་ཞུ་བ་ལྟར་དུ་སྣང་།
     2000ལོའི་ཟླ་8པར། ཁྲོན་བོད་གཞུང་ལམ་གྱི་གླིང་ཆུའི་ལམ་དུམ་དུ་རི་ཉིལ་ནས་རླངས་འཁོར་390དང་མི་600ལྷག་དེ་གར་ལུས། ལོ་22ལ་སླེབས་པའི་ལེའང་མིང་ཝུའེ་ཡིས་ས་འབུད་འཕྲུལ་འཁོར་བཏང་ནས་ལམ་གཤོང་སྐབས་སླར་ཡང་རི་ཉིལ་ཏེ་ཁོང་དང་འཕྲུལ་འཁོར་གཉིས་ཀ་སྨི་20ཡི་ས་ནས་ཆུ་གཞུང་དུ་ལྷུངས་ཏེ་སྐུ་གཤེགས།
     ལོ་20ལྷག་ཙམ་རིང་ལེའང་མིང་ཝུའེ་གནས་སའི་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་གི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པའི་འཐབ་འཛིང་པ་20ལྷག་ཙམ་ཉེན་སེལ་ལམ་བུའི་ཐོག་སྐུ་གཤེགས། ཁོང་ཚོ་ལ་ལ་ལམ་རྒྱུད་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དུར་འཇུག་བྱས་པ་དང་། ལ་ལ་སྐད་གྲགས་མེད་པའི་རི་བོ་ག་གེ་མོ་ཞིག་ཏུ་དུར་འཇུག་བྱས་པ་དེ་ནི་ལོ་བཅུ་ཕྲག་འགའ་ཤས་གོང་ཁོང་ཚོའི་སྔོན་བྱོན་པ་དང་གཉིས་སུ་མ་མཆིས།
     རང་སྲོག་ཤོར་ཡང་སྙིང་སྟོབས་ནམ་ཡང་གནས། ལོ་65ཡི་རིང་ལམ་བཟོ་ལམ་སྐྱོང་དཔུང་ཆེན་གྱི“དཀའ་སྡུག་དང་འཆི་རྒྱུར་མི་སྐྲག་པའི”གཏམ་རྒྱུད་དག་ཁྲོན་བོད་གཞུང་ལམ་རྒྱུད་དུ་གྲགས་པའི་བརྗིད་ཆེའི་དབྱངས་རྟ་ཞིག་ཏུ་གྱུར་ཡོད། ཁོང་ཚོའི་ཉམས་པ་མེད་པའི་སྙིང་སྟོབས་སྔ་མོ་ནས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལམ་ཚད་རྡོ་རིང་ཐོག་བརྟན་པོ་འཁོད་ཡོད།
     ལོ་60ཡི་རིང་བཅོས་སྒྲིག་དང་བསྐྱར་སྐྲུན་བྱས་པ་བརྒྱུད། ཁྲོན་བོད་གཞུང་ལམ་གྱི་རང་གྲུབ་འགག་བཙན་དག་ལོ་རྒྱུས་སུ་གྱུར་བ་དང་། ཁྲོན་བོད་ལམ་ཐིག་དེ་རྐང་འཁོར་བཞོན་མཁན་དང་སྒེར་འཁོར་གཏོང་མཁན་གྱི་ཞིང་ཁམས་ཤིག་ཏུ་གྱུར་ལ། འགྲོ་འོང་བྱེད་མཁན་རླངས་འཁོར་གྱི་བྲག་ཅ་ལས་དཔའ་བོའི་དུས་རབས་ཀྱི་འཕོ་འགྱུར་དང་མེས་རྒྱལ་གྱི་འགྱུར་ལྡོག་གསར་པ་བརྗོད་བཞིན་མཆིས།