འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་15ཉིན།

༄༅༎ཡུལ་ཤུལ་ཁྲི་འདུའི་མངའ་ཁོངས་སུ་དུས་རབས་13པའི་སྔ་རྗེས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་ཤིག་རྙེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་13ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར། གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གི་བོད་བརྒྱུད་ནང་བསྟན་རིག་དངོས་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་གྱིས་རྫོང་དེའི་ལབ་ཤང་གི་བྲག་ཕུག་དགོན་པའི་གནའ་ཤུལ་ཡུལ་དངོས་སུ་རྟོག་ཞིབ་བྱས་རྗེས་བསྡོམས་ཚིག་འདི་འདྲ་ཞིག་བྱུང་སྟེ། གནའ་ཤུལ་དེའི་ནང་གི་གསར་རྙེད་བྱུང་བའི་ལྡེབས་རིས་ཤིག་གི་གསར་རྩོམ་གྱི་དུས་ནི་དུས་རབས་13ཡས་མས་ཏེ་བསྟན་པ་ཕྱི་དར་གྱི་དུས་འགོར་ཡིན་པ་རེད། 
     བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་དེ་འབྲི་ཆུའི་ཤར་ངོགས་ཀྱི་བྲག་ཕུག་དགོན་གྱི་རྗེས་ཤུལ་དུ་གནས་པ་དང་། ཁྲི་འདུ་རྫོང་གྲོང་བར་སྤྱི་ལེ་150ཙམ་ཡོད་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། གནས་དེའི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་ནང་གི་ལྡེབས་རིས་གསུམ་ས་ངོས་ལ་བུད་ཡོད་པ་དང་། དེའི་ནང་གི་ལྡེབས་རིས་ཆེ་ཤོས་ཤིག་ཡོད་པ་དེ་ཕྱོགས་ལྔའི་སངས་རྒྱས་ནང་གི་གྲས་ཤིག་གི་སྐུ་འདྲ་ཡིན་ཡང་སྲིད་ལ། དེ་ནི་བྱང་ཆུབ་སེམས་དཔའི་གཟུགས་དང་། སྐྲ་ཅོག་མཐོ་བ། རིན་ཆེན་གྱི་ཞྭ་མོ་མནབས་ཤིང་། ཞྭ་མོའི་འདབ་མ་མུ་ཏིག་གི་ཕྲེང་བས་སྦྲེལ་བ། རྣ་རྒྱན་ལྕི་ཞིང་ཆེ་བ་བཏགས་པ། གདོང་ཞེང་ཆེ་ཞིང་སྣའི་གཟེངས་མཐོ་བ། རྣམ་འགྱུར་གཟབ་ཅིང་སྲན་མའི་གང་བུ་ལྟ་བུའི་མིག་ཟུང་བཅས་ཡོད་པ་དང་། གཞོགས་གཉིས་ཀྱི་སྟོད་ཕྱོགས་སུ་མཉམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་སྐུ་འདྲ་བདུན་མཐོང་རྒྱུ་ཡོད་པ་དང་། སྟེང་གི་གུར་དམར་པོ་དེ་རྦ་རླབས་ཀྱི་དབྱིབས་ལྟར་ཆགས་ཤིང་། དེའི་སྟེང་དུ་ཁང་ཆེན་ཡོད་པ་མ་ཟད། ད་དུང་མི་སྐྱ་མང་པོའི་སྣང་བརྙན་ཡོད། 
     པེ་ཅིང་གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་སུའུ་པའེ་ཡིས“ལྡེབས་རིས་ནང་གནའ་བོའི་རྒྱ་གར་གྱི་པོ་ལོ་སྒྱུ་རྩལ་གྱི་སྲོལ་རྒྱུན་ཉར་ཚགས་བྱས་ཡོད”ཅེས་ངོ་སྤྲོད་བྱས་པ་དང་། ད་ཐེངས་ཀྱི་རྟོག་ཞིབ་དེས་ཁྲི་འདུ་རྫོང་དང་ཡུལ་ཤུལ་ས་ཁུལ་ཧྲིལ་པོའི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་དང་དེ་བཞིན་སྒྱུ་རྩལ་ལོ་རྒྱུས་ལ་བསྐྱར་དུ་དཔྱད་དཔོག་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཡོད་བོད་ལྗོངས་བྲག་ཐང་དགོན་དང་། ཞ་ལུ་དགོན། ཏུན་ཧོང་མོ་ཀའོ་བྲག་ཕུག ཡུས་ལིན་བྲག་ཕུག ཤར་གྱི་སངས་རྒྱས་སྟོང་སྐུའི་བྲག་ཕུག་བཅས་ཚང་མར་པོ་ལོའི་སྒྱུ་རྩལ་ཉམས་འགྱུར་ལྡན་པའི་ལྡེབས་རིས་ཡོད་པ་དང་། རྨ་ནུབ་ཀྱི་སྒྱུ་རྩལ་ཉམས་འགྱུར་དང་འདྲ་པོ་ཡོད་པ་རེད། དེ་དང་ཆབས་ཅིག་ཟླ་འདིའི་ཚེས་6ཉིན་ཡུལ་ཤུལ་ནང་ཆེན་དུ་བརྟག་དཔྱད་བྱས་པའི་ལྡེབས་རིས་ཆག་རོ་དང་སྒྱུ་རྩལ་ཐད་ལའང་འདྲ་ས་ཧ་ཅང་ཆེན་པོ་ཡོད་པ་དང་། ཚོད་རྩིས་བྱས་ན་ལྡེབས་རིས་འདི་ནི་དུས་རབས་13པ་ཡས་མས་སུ་བརྩམས་པ་རེད། 
     སུའུ་པའེ་ཡིས་ཡུལ་ཤུལ་ནང་ཆེན་དང་ཁྲི་འདུ་ས་ཁུལ་ནས་བསྟུད་མར་མཚོ་སྔོན་ས་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་སྔ་ཤོས་རྙེད་ལ། སྒྱུ་རྩལ་གྱི་ཉམས་འགྱུར་དེ་རྨ་ནུབ་ས་ཁུལ་ལ་ཕྱོགས་ཡོད། གསར་རྙེད་འདིས་དགའ་སྣང་ཆེན་པོ་སྐྱེས་བཅུག་པ་དང་ཆབས་གཅིག་སྒྱུ་རྩལ་ལོ་རྒྱུས་ཐད་ཀྱི་སྟོང་ཆའང་བསྐངས་ཡོད་ཅེས་བཤད། 
     སུའུ་པའེ་ཡིས་རྗེས་མའི་ལས་ཀའི་གཙོ་གནད་ནི་ལྡེབས་རིས་དེ་དག་གང་ལྟར་མགྱོགས་མྱུར་ངང་སྲུང་སྐྱོང་བྱ་རྒྱུ་དང་། གོམ་སྟབས་རྗེས་མར་མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་སྡེ་ཚན་དང་གོང་མའི་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང་བརྒྱུད་གནའ་རྫས་རྟོག་ཞིབ་མྱུར་སྐྱོབ་རང་བཞིན་གྱི་གཙང་བཤེར་ལས་དོན་སྤེལ་ནས་ལྡེབས་རིས་རྩ་ཆེན་དེ་དག་ཉར་ཚགས་ཐུབ་པར་བརྩོན་ལེན་བྱ་རྒྱུ་དེ་རེད་ཅེས་བརྗོད།