འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་15ཉིན།

༄༅༎མཚོ་སྔོན་གྱིས་ཐེངས་དང་པོར་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་དངོས་སུ་ངོས་འཛིན་
བྱས་པ་དང་། ཡོངས་འཛིན་340ལ་དཔང་ཡིག་ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་13ཉིན་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དེས་ཐེངས་དང་པོར་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་དངོས་སུ་ངོས་འཛིན་བྱས་པ་དང་། ཡོངས་འཛིན་340ལ་དཔང་ཡིག་ཐོབ་པ་རེད་ཅེས་ཕྱི་ཕྱོགས་སུ་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད།
     ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་ངོས་འཛིན་དེ་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་བོད་ཡིག་ཚན་ཁག་གི་ནང་བསྟན་སློབ་གླིང་གིས་ཐུན་མོང་ཐོག་སྒྲིག་འཛུགས་བྱས་པ་དང་། ཡོངས་འཛིན་340ཡི་ལོ་ཚད་ལོ་50ཡན་ཡིན་པ་དང་། དེའི་ནང་ཆེས་མཐོའི་རིམ་པའི་ཡོངས་འཛིན་53དང་། མཐོ་རིམ་ཡོངས་འཛིན་128 འབྲིང་རིམ་ཡོངས་འཛིན་77 དམའ་རིམ་ཡོངས་འཛིན་82བཅས་ཚུད་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་གྲགས་པས་ངོ་སྤྲོད་བྱས་པར་གཞིགས་ན། 2018ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་གི་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་གྱི་ཐོབ་ཐང་ཐོ་འགོད་ཀྱི་མིང་ཐོ་འགོད་པའི་བྱེད་སྒོ་སྤེལ་བ་དང་། 2019ལོའི་ཟླ་6པར་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་གྱི་ཐོབ་ཐང་ངོས་འཛིན་ཨུ་ལྷན་གྱིས་ཞིབ་དཔྱད་བྱས་པ་དང་འབྲེལ་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་ནས་མོས་མཐུན་ཐོབ་རྗེས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་པ་རེད།
     མཚོ་སྔོན་ཞིང་ཆེན་བོད་ཡིག་ཚན་ཁག་གི་ནང་བསྟན་སློབ་གླིང་ལ་མཚོན་ན། ད་ཐེངས་ཡོངས་འཛིན་19ཡི་ཐོབ་ཐང་ལ་ངོས་འཛིན་ཐོབ་པ་དང་། དེའི་ནང་ཆེས་མཐོའི་རིམ་པ་8དང་མཐོ་རིམ་11ཡོད་པ་དེ་དགེ་ལུགས་པ་དང་། རྙིང་མ་བ། ས་སྐྱ་བ། བཀའ་རྒྱུད་པ། ཇོ་ནང་པ། བོན་པོ་སོགས་གྲུབ་མཐའ་ནས་ཡིན་པ་རེད།
     མཚོ་སྔོན་ཞིང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཧྭ་ཤིའུ་ཡིས་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་གྱི་ཐོབ་ཐང་ཞིབ་དཔྱད་གཏན་འཁེལ་དང་གདན་ཞུས་ལས་བསྐོ་དེ་བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཡོངས་འཛིན་གྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ། དགོན་སྡེའི་རང་ངོས་དོ་དམ་ལ་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་བྱེད་སྒོ་ཚད་ལྡན་དུ་གཏོང་བ། ཆོས་ལུགས་མི་སྣའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱེད་པ་སོགས་ལ་ལོ་རྒྱུས་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།