འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་15ཉིན།

༄༅།།འབོ་གསེར་རྒྱལ་ཁབ་ཀྱིས་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་སྔར་བས་སྒོ་དབྱེ་
གཉིས་ཕན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུ་ཡིན་པ།

—— པར་ཙིར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབྱང་དབན་མིང་ལ་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲོའུ་ཤིན་ཀྲུའུ། ཟླ་11ཚེས་13དང་14ཉིན། པར་ཙིར་གྱི་རྒྱལ་ས་པ་ཞི་ལི་ཡར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་གཅིག་པ་བྱེད་རྒྱུ་རེད། པར་ཙིར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབྱང་དབན་མིང་གིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་ཚུད་པའི་ཀྲུང་གོའི་སྨྱན་སྦྱོར་གྱི་མཉམ་འབྲེལ་བཅར་འདྲི་དང་ལེན་བྱེད་སྐབས། འབོ་གསེར་རྒྱལ་ཁབ་ཀྱི་ཕྱོགས་མང་པོའི་ཐད་ཀྱི་མཉམ་ལས་ལ་གྲུབ་འབྲས་དངོས་ཐོབ་པ་དང་། འབྱུང་འགྱུར་གོ་ལ་ཧྲིལ་པོ་ཅན་སྐུལ་འདེད་གཏོང་རྒྱུ་དེ་དེ་བས་སྒོ་དབྱེ་གཉིས་ཕན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུ་རེད་ཅེས་བརྗོད་པ་རེད།
     དབྱང་དབན་མིང་གིས་འདས་ཟིན་པའི་ལོ་བཅུའི་ནང་། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལ་འཕེལ་རྒྱས་ཡག་པོ་བྱུང་ནས། དཔལ་འབྱོར་ཚོང་དོན་དང་ནོར་སྲིད་དཔལ་འབྱོར་དང་། ཆབ་སྲིད་བདེ་འཇགས། མི་ཆོས་རིག་གནས་སྤེལ་རེས་བཅས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་བྱུང་ཡོད། ལྷག་པར་དུ་རྒྱལ་སྤྱིའི་གནད་དོན་གལ་ཆེན་འགའ་ཞིག་ཐད། འབོ་གསེར་རྒྱལ་ཁབ་ལྔ་པོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐུན་མོང་གི་ལངས་ཕྱོགས་དང་ཐུན་མོང་ཐོག་སྐད་ཆ་ཤོད་པས། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་། ལྷག་པར་དུ་གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་ཡག་པོ་ཐུབ་ཡོད་ཅེས་བརྗོད་པ་རེད།
     པར་ཙིར་ནི་འདི་ལོའི་འབོ་གསེར་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པ་དང་། པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ་ཟླ་གོང་མའི་ཟླ་མཇུག་ཏུ་ཀྲུང་གོར་འཚམས་འདྲིར་སླེབས་ཡོད། དབྱང་དབན་མིང་གིས་པོ་སུའོ་ནཱ་ལུའོ་ཀྲུང་གོར་འཚམས་འདྲིར་སླེབས་པར་དོན་སྙིང་གལ་ཆེན་ལྡན་ཡོད་ལ་གྲུབ་འབྲས་ཀྱང་ཐོབ་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་པར་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་རབ་དང་རིམ་པ་སྒྲུབ་པ་དེས། ཀྲུང་པར་དབར་གྱི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད་ཅེས་བརྗོད་པ་རེད།
    “པར་ཙིར་ནི་ལ་ཏིང་མེ་གླིང་དུ་ཡོད་པའི་ཀྲུང་གོའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཨང་དང་པོ་དེ་ཡིན་པ་དང་། ཀྲུང་གོ་ནི་པར་ཙིར་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་དེ་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་45སོང་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཆུ་ཚད་མཐོ་བ་དང་། ཁྱབ་ཁོངས་རྒྱ་ཆེ་བ། རིམ་པ་མང་པ་བཅས་ཀྱི་འཕེལ་རྒྱས་བྱུང་ནས་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད། པར་ཙིར་གྱི་སྲིད་གཞུང་གསར་པས་སྲིད་སྐྱོང་བ་ནས་བཟུང་། ཀྲུང་གོ་ཕྱོགས་དང་མཉམ་འགུལ་ཡག་པོ་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བར་ཐུན་མོང་ཐོག་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་འཕེལ་རིམ་གསར་པ་ཐོན་ཡོད། པར་ཙིར་གྱི་སྤྱི་ཚོགས་ལས་རིགས་ཁག་གིས་པར་ཀྲུང་མཛའ་གྲོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་མཐུན་བརྟན་དུ་བཏང་ཡོད”
    མིག་སྔའི་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་ཚུལ་སྐོར་གླེང་སྐབས། དབྱང་དབན་མིང་གིས་ཕྱོགས་རྐྱང་རིང་ལུགས་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་མགོ་བོ་འབུད་པ་དེས། འཛམ་གླིང་གི་དུས་བབ་དང་འཛམ་གླིང་དཔལ་འབྱོར་བརྟན་པོ་མེད་པའི་རང་བཞིན་ཆེ་རུ་ཕྱིན་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་དུས་བབ་དེ་ལྟ་བུར་དམིགས་ནས་ཉེ་བའི་ལོ་གཅིག་རིང་། འབད་བརྩོན་དང་མཐུན་སྦྱོར་ཡག་པོ་བྱས་ཡོད་ཅེས་བརྗོད་པ་རེད།
     ཁོང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཏ་པན་མཇལ་འཛོམས་དང་། དེ་བཞིན་ལི་གཡོད་རེ་ནེ་ལུའུ་རུ་འཚོགས་པའི་འབོ་གསེར་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་དངོས་གཞིའི་མཇལ་འཛོམས་ཐོག འབོ་གསེར་རྒྱལ་ཁབ་ཚང་མས་ཐུན་མོང་གི་ཡིག་ཆ་ཁྱབ་བསྒྲགས་བྱས་ནས་འཛམ་གླིང་ལ་ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་དང་། ཚོང་དོན་དང་མ་འཇོག་རང་མོས་ཅན་ལ་སྐུལ་འདེད། དེ་བཞིན་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ཐུན་མོང་གི་ལངས་ཕྱོགས་གསལ་སྟོན་བྱས་ཡོད་ཅེས་བརྗོད་པ་རེད།
དབྱང་དབན་མིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་གཅིག་པའི་ཐོག་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་རྒྱུ་སོགས་ཐད་ཐུན་མོང་གི་འབོད་སྒྲ་བཏོན་ནས། ཐུན་མོང་གི་ལངས་ཕྱོགས་གསལ་བཏོན་བྱས་ཏེ་འཛམ་གླིང་དཔལ་འབྱོར་དེ་བས་འདྲ་མཉམ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།