འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་15ཉིན།

༄༅།།ཀན་སུའུ་ཡི་མཐོ་སློབ་17གྱི་ཕུལ་བྱུང་སློབ་གྲྭ་ཆེ་མོ་བ་དང་ས་ཁུལ་དབུལ་པོའི་གཞིས་ལུས་བྱིས་
པ་ཁྲི་4ཙམ་ཆ་སྒྲིག་གིས་མཉམ་དུ་འཚར་ལོངས་ཡོང་བར་བྱེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་ལུས་བྱིས་པའི་བདེ་ཐང་འཚར་ལོངས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆེད། ལན་ཀྲོའུ་ནོར་དཔལ་སློབ་ཆེན་གྱིས་ཀན་སུའུ་ཝེ་ཡོན་རྫོང་ཏ་ཨན་ཤང་ཏ་ལའོ་ཙི་སློབ་ཆུང་དུ“རོགས་ཟླ་བཟང་པོ་མཉམ་དུ་འཚར་ལོངས་བྱེད”པའི་གཅེས་སྐྱོང་བྱ་སྤྱོད་སྤེལ་ཏེ། ཕུལ་བྱུང་སློབ་གྲྭ་ཆེ་མོ་བ་1772མངགས་ནས་རྫོང་དེའི་སློབ་གྲྭ་100ཡི་གཞིས་ལུས་བྱིས་པ་དང་ཆ་སྒྲིག་རོགས་སྐྱོར་བྱས་པ་རེད།
     ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གཞུང་ལས་ཁང་གི་ཀྲུའུ་རེན་ཏེང་ཝེས་ངོ་སྤྲོད་བྱས་པར་གཞིགས་ན། ཀན་སུའུ་ཞིང་ཆེན་གྱི་དངོས་གཞིའི་ཚན་ཁག་དཀྱུས་མའི་མཐོ་སློབ་17གྱིས་ཤིན་ཏུ་དབུལ་བའི་རྫོང་གི་གཞིས་ལུས་བྱིས་པར་དམིགས་ཏེ“རོགས་ཟླ་བཟང་པོ་མཉམ་དུ་འཚར་ལོངས་བྱེད”པའི་གཅེས་སེམས་བྱ་སྤྱོད་སྤེལ་བ་དང་། མིག་སྔར། ལན་ཀྲོའུ་སློབ་ཆེན་དང་། ནུབ་བྱང་མི་རིགས་སློབ་ཆེན། ནུབ་བྱང་དགེ་འོས་སློབ་ཆེན་སོགས་དངོས་གཞིའི་ཚན་ཁག་དཀྱུས་མའི་མཐོ་སློབ་17གྱིས་ཀན་སུའུ་ཞིང་ཆེན་ཀ་ཆུ་ཧུད་རིགས་རང་སྐྱོང་ཀྲོའུ་ཏུང་ཤང་རིགས་རང་སྐྱོང་རྫོང་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བཱ་ཙེ་རྫོང་། ལུང་ནན་གྲོང་ཁྱེར་ལི་རྫོང་སོགས་རྫོང་དང་ཆུས་དབུལ་པོ17གྱི་སློབ་གྲྭ་འབྲིང་ཆུང་1075དང་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་བཙུགས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། མཐོ་སློབ་དེ་དག་གིས་སློབ་ཆེན་གྱི་སྤྱི་ཚོགས་ལག་ལེན་སློབ་ཚན་དང་ཟུང་འབྲེལ་བྱས་ཏེ། ཕུལ་བྱུང་སློབ་གྲྭ་ཆེ་མོ་བ་དང་བླངས་པར་བདམས་ནས་གཞིས་ལུས་བྱིས་པ་1ནས་2བར་ལ་རོགས་སྐྱོར་དང་། བྱེད་སྒོའི་དུས་ཡུན་ལོ་གཅིག་ནས་གཉིས་བར་རེད། སློབ་གྲྭ་ཆེ་མོ་བའི་དང་བླངས་པས་གཞིས་ལུས་བྱིས་པར་ཡི་གེ་སྐུར་བ་དང་། ཁ་པར་རྒྱག་པ། དུས་བཀག་ངོ་འཕྲད་མཛུབ་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད། གཞིས་ལུས་བྱིས་པར་གཅེས་སྐྱོང་དང་། དོ་ཁུར། ཁྱིམ་ཚང་གི་སློབ་གསོ་བཅས་མི་འདང་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས་གཞིས་ལུས་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱ་རྒྱུ་རེད།