འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་12ཉིན།

༄༅།།ངང་པ་རེ་འཆང་རྒྱལ་པོའི་རྒྱུད་པ་ཆད་ཉེན་ཆེ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་12ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་11ཉིན། ཨ་རིའི་ཞིབ་འཇུག་གསར་པ་ལས་གསར་རྟོགས་བྱུང་དོན། གལ་ཏེ་དུས་ཐོག་ཏུ་གནམ་གཤིས་ཇེ་དྲོར་འགྲོ་བ་ཚོད་འཛིན་ལག་བསྟར་མ་བྱས་ན། ད་ལྟར་འཚོ་གནས་བྱེད་པའི་ངང་པ་རེ་འཆང་རིགས་ཀྱི་གཟུགས་པོ་ཆེས་ཆེ་བའི་རིགས་----ངང་པ་རེ་འཆང་རྒྱལ་པོའི་རིགས་དེ་དུས་རབས་འདིའི་དུས་མཇུག་ཏུ་རྩ་མེད་དུ་འགྲོ་སྲིད། ཞིབ་འཇུག་གྲུབ་འབྲས་དེ་ཉེ་ཆར་སྐྱེ་དངོས་ཁོར་ཡུག་ཚན་རིག་དུས་དེབ་《གོ་ལ་འགྱུར་ལྡོག་སྐྱེ་དངོས་རིག་པ》ཐོག་སྤེལ་ཡོད།  
     ཨ་རིའི་ཝུའུ་ཙི་ཧར་རྒྱ་མཚོ་ཞིབ་འཇུག་ཁང་གི་གླིང་ཕྲན་སྐྱེ་ཁམས་རིག་པ་བ། དཔྱད་རྩོམ་འདིའི་རྩོམ་པ་པོ་དང་པོ་སི་ཏི་ཧྥེང་ཉིང་ཇེ་ནུའུ་ཧྥུའུ་ལི་ཡིས། ཁོང་མོ་ཡོད་སའི་ཞིབ་འཇུག་ཁང་གིས་རྩིས་འཁོར་དཔེ་དབྱིབས་གཉིས་ཟུང་འབྲེལ་བྱས་ནས་ངང་པ་རེ་འཆང་རྒྱལ་པོའི་མ་འོངས་པའི་འཚོ་གནས་གནས་ཚུལ་ལ་ཞིབ་འཇུག་བྱས་པ་ལས་མངོན་གསལ། གལ་ཏེ་གོ་ལ་ཇེ་དྲོར་འགྲོ་བ་ཚོད་འཛིན་ལག་བསྟར་མ་བྱུང་ན། སྔོན་དཔག་བྱས་ན་2100ལོར། ལྷོ་སྣེ་གླིང་གི་ངང་པ་རེ་འཆང་རྒྱལ་པོའི་ཁ་གྲངས་86%ཇེ་ཉུང་འགྲོ་ཞིང་། སྐབས་དེར་ངང་པ་རེ་འཆང་རྒྱལ་པོའི་ཁ་གྲངས་འཕར་མི་སྲིད་ཅིང་། རིགས་དེ་རྩ་མེད་དུ་འགྲོ་ཉེན་ཆེ་བ་བསྟན། 
   ངང་པ་རེ་འཆང་རྒྱལ་པོ་ནི་གཙོ་བོ་ལྷོ་སྣེ་གླིང་གི་སྐམ་ས་ཆེན་མོ་དང་དེའི་ཉེ་འཁོར་གྱི་གླིང་ཕྲན་ལ་གནས་ཡོད། ཉ་དང་ཞ་སོགས་ཟས་སུ་བྱེད། དེ་ཚོའི་ཚེ་སྲོག་དང་མཚོ་དར་བར་འབྲེལ་བ་དམ་པོ་ཡོད་པ་སྟེ། ངང་པ་རེ་འཆང་རྒྱལ་པོའི་འཚོ་གནས་ནི་ལྷོ་སྣེ་གླིང་གི་སྐམ་ས་ཆེན་པོའི་མཚོ་འགྲམ་ཐིག་ནང་གི་མཚོ་དར་ཡིན་དགོས་ལ། ད་དུང་རྒྱ་མཚོ་དང་ཉེ་བ་བཅར་ནས་ཁ་ཟས་ཡོང་ཐབས་བྱེད་དགོས། དེ་ཚོའི་སྐྱེ་འཕེལ་རྒྱུད་སྤེལ་ལ་བརྟན་བརླིང་གི་མཚོ་དར་ཞིག་ཀྱང་དགོས་པ་རེད། ངང་པ་རེ་འཆང་རྒྱལ་པོའི་ཕྲུ་གུ་ལོ་རེའི་ཟླ་4པར་བཙའ་བ་དང་ཟླ་12པར་བྱ་སྒྲོ་སྐྱེས་པ་རེད། མཚོ་དར་ལ་གས་ཆག་བྱུང་མི་རུང་། ཡིན་ནའང་། གོ་ལའི་གནམ་གཤིས་མུ་མཐུད་དུ་ཇེ་དྲོར་འགྲོ་བ་དང་བསྟུན་ནས། ལྷོ་སྣེ་གླིང་གི་མཚོ་དར་རིམ་བཞིན་མེད་པར་འགྱུར་བཞིན་པས། ངང་པ་རེ་འཆང་རྒྱལ་པོ་ཡང་དེ་དང་བསྟུན་ནས་འཚོ་གནས་དང་ཁ་ཟས་ཀྱི་ཡོངས་ཁུངས། རྒྱུད་པ་གསོ་སྐྱོང་གི་ནུས་པ་མེད་པར་འགྱུར་ངེས་ཡིན།