འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་7ཉིན།

༄༅།།ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་སྤྱིའི་ཆ་ནས་
བརྟན་པོ་ཡོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་07ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོཌ་བྱས་པར། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་སྤྱི་འབོར་དང་། ལས་འཛོལ་ཆེ་གྲས་ཐོན་གྲངས། ལས་འཛོལ་ཚབས་ཆེན་ཐོན་གྲངས་བཅས་དུས་མཚུངས་ལས་སོ་སོར་15.7%དང་། 12.3% 13.3%ཆག་ནས་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་མོད། འོན་ཀྱང་ཟླ་10པར་ལས་འཛོལ་ཆེ་གྲས་ཐོན་ཚད་དུས་མཚུངས་ལས་འཕར་ནས་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་དགའ་འོས་པ་ཞིག་མེད་པ་རེད།
     འཕྲལ་སྡོམ་དོ་དམ་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ཟླ་11དང་ཟླ་12ནི་ལོ་མཇུག་གི་ཐོན་སྐྱེད་མང་བའི་དུས་དང་ལྷག་པར་དུ་ཤོག་སྦག་ཐོན་སྐྱེད་མང་བའི་དུས་ཡིན་པས་ལས་འབོར་མང་དུ་གཏོང་བ་དང་། ལས་ཆོད་མགྱོགས་སུ་གཏོང་བ། ཐོན་སྐྱེད་འཕྲལ་སྒྲུབ། ཐེག་ཚད་ལས་བརྒལ་བའི་གཉེར་སྐྱོང་སོགས་ཀྱི་གནད་དོན་ཐོན་སླ་པོ་ཡོད། ད་དུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དྲོད་རླངས་མཁོ་འདོན་དང་། གློག་དང་མེའི་སྤྱོད་མཁོ་ཆེ་རུ་འགྲོ་བ་དང་། མང་ཚོགས་ཕྱིར་སྐྱོད་དང་འདུ་འཛོམས་ཀྱི་བྱེད་སྒོ་མང་བས་ལས་མི་དང་། དངོས་ཟོག རླངས་འཁོར་བཅས་མང་དུ་སོང་བ། དགུན་དུས་ཀྱི་གངས་འཁྱགས་སོགས་ཀྱི་གནམ་གཤིས་ཞན་པོ་ལས་བདེ་འཇགས་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་ཆེ་བ། དེའི་ཐོག་འདི་ལོ་དཔལ་འབྱོར་ཆག་པའི་གནོན་ཤུགས་སོགས་ཀྱི་ཤུགས་རྐྱེན་ལས་བདེ་འཇགས་ཐོན་སྐྱེད་ལ་འགྲན་སློང་ཆེ་ཙམ་ཕྲད་ཡོད་པ་རེད།
     འཕྲལ་སྡོམ་དོ་དམ་པུས། ཟླ་10པར་ལས་འཛོལ་ཆེ་གྲས་མང་པོ་ཐོན་པའི་གནད་དོན་ལ་དམིགས་ཏེ། རྒྱུ་རྐྱེན་ལ་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་སྒོས་དགུན་དུས་ཀྱི་ཐོན་སྐྱེད་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་དང་། རྡོ་སོལ་གཏེར་ཁ། རྡོ་སོལ་མིན་པའི་གཏེར་རི། ཤོག་སྦག མེ་ཟོན། བཟོ་ལས་ཚོང་དོན་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་གཏིང་ཟབ་དང་མངོན་བཤེར་ལྐོག་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་། གནད་དོན་གྱི་མངོན་མེད་རྐྱེན་ངན་བཙལ་ནས་རེ་རེ་བཞིན་དག་ཐེར་དོན་འཁྱོལ་བྱས་ཏེ་ལས་འཛོལ་ཚབས་ཆེན་ལ་འགོག་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།