འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་4ཉིན།

༄༅༎ལྷ་ཉིང་ལྕགས་ལམ་གྱི་རིམ་པ་དང་པོའི་ཉེན་ཁ་ཆེ་བའི་ཕུག་ལམ་སྟེ། བྲག་ཡིབ་ཕུག་ལམ་
བདེ་བླག་ངང་ཏལ་འབིགས་ཐུབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་04ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་2ཉིན་གྱི་ཆུ་ཚོད་9དང་སྐར་མ་50ཡི་ཐོག་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ། བྲག་ཡིབ་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་ཡོད། ཕུག་ལམ་དེ་རིམ་པ་དང་པོའི་ཉེན་ཁ་ཆེ་བའི་ཕུག་ལམ་ནང་བཅུག་ཡོད་པ་དང་། ས་མཐོའི་ལྕགས་ལམ་གྱི་ཕུག་ལམ་རིའི་གཞོགས་གཅིག་ནས་སྨི་7015སྔོག་འདོན་གྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད།
     བྲག་ཡིབ་ཕུག་ལམ་གྱི་འཛུལ་སྒོ་དེ་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་དུ་ཡོད་པ་དང་། ཐོན་སྒོ་དེ་རྒྱ་ཚ་རྫོང་ལྷ་གསོལ་ཤང་དུ་ཡོད། བྲག་ཡིབ་ཕུབ་ལམ་ཧྲིལ་པོའི་རིང་ཚད་ལ་སྨི་13073དང་། རམ་འདེགས་ཕུག་ལམ་གྱི་རིང་ཚད་ལ་སྨི་9481 ས་བབ་མཐོ་ཤོས་ལ་སྨི་3500ཡས་མས། ཕུག་ཐག་རིང་ཤོས་ལ་སྨི་2080ཡོད་པས། འཛུགས་སྐྲུན་པས“རྡོ་ཧྲུག་མདེའུ་ལྟར་འཕུར་བའི་ཕུག་ལམ”ཞེས་བརྗོད་ཀྱི་ཡོད། ཨར་ལས་བྱེད་རིང་ས་དྲོད་མཐོ་ཤོས་ལ་ཧྲེ་ཧྲི་ཏུའུ་47ཙམ་ཟིན་པ་དང་དུས་མཚུངས་སུ་94%བྲག་གས་ཁུལ་དུ་གནས་ཡོད།
     ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པའི་ལྷ་ས་ལྕགས་ལམ་རྣམ་གྲངས་པུའི་བཀོད་འདོམས་དཔོན་ཆའོ་ཀྲི་པིན་གྱིས་བྲག་གས་ཐོན་པའི་ཤུགས་ཚད་ཆེ་བ་དང་མྱུར་ཚད་མཐོ་བ། སྤྱིར་བཏང་བྲག་རྡོའི་འབར་གས་ཀྱི་དུས་ཚོད་ཆུ་ཚོད་2ནས་6བར་ཟིན་པ། རིང་ཤོས་གཟའ་འཁོར་གཅིག་ལས་བརྒལ་བ། ཐ་ན་བྲག་གས་ཐོན་ནས་ཟླ་བ་ཁ་ཤས་སོང་རྗེས་ད་དུང་བྲག་གས་ཐེངས་གཉིས་པ་ཐོན་པས། དེ་འཛམ་གླིང་ཕུག་ལམ་གྱི་ཨར་ལས་ལོ་རྒྱུས་ཐོག་ཧ་ཅང་མཐོང་དཀོན་པ་ཞིག་རེད། གཞན་ཡང་དམིགས་བསལ་གྱི་ས་ཁམས་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པའི་དབང་གིས་ཕུག་ལམ་དེར་རམ་འདེགས་དོང་ལམ་བཟོ་ཐབས་བྲལ་བས་ནང་དུ་འཛུལ་བ་དང་ཕྱིར་ཐོན་སའི་དོང་ཁ་གཉིས་ཀྱི་ཕུག་ལམ་རིའི་གཞོགསགཅིག་སྔོག་འདོན་བྱེད་དགོས་ཀྱི་ཡོད་པ་རེད། འཛུགས་སྐྲུན་པས་དྲང་མིག་ཤུར་འདྲུ་ཆུའི་གནོན་ཤུགས་ཀྱི་འབར་གས་ལག་རྩལ་སྤྱད་དེ“འབར་གས་ཆུང་བ”བྱས་པ་དང་ལས་རིམ་ཁག་རེར“ཐེག་ཤུགས་གློད་པའི”ལྷུ་ཚིགས་བསྣན་ནས་བྲག་གས་བྱུང་ཚད་དམའ་ཤོས་སུ་བཏང་བས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྔོག་འདོན་བྱ་རྒྱུར་འགན་ལེན་བྱེད་པ་རེད།
     གསར་འགོད་པས་ཤེས་རྟོགས་བྱུང་པར་གཞིགས་ན། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པས་ཀྲུང་གོ་ཚན་རིག་ཁང་དང་མཉམ་འབྲེལ་ཐོག་བྲག་གས་ལ་ཁ་གཏད་ནུས་ལྡན་གཅོག་རྒྱུ་བརྗོད་བྱ་གཙོ་བོར་བྱས་ཏེ་སྔོག་འདོན་བྱེད་སའི་མདུན་ཕྱོགས་ཀྱི་སའི་ཐེག་ཤུགས་དང་། བྲག་གས་རིམ་པ། བྲག་གས་ཀྱི་ཉེན་བརྡ་དང་དེའི་སྔོན་འགོག་སོགས་ཐད་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་བྲག་གས་ཀྱི་རྗེས་སྙེགས་ཡོམ་ཆུང་ཚོར་ཆས་ཀྱི་འགུལ་ཚུལ་བཀོད་སྒྲིག་ལག་རྩལ་གསར་གཏོད་བྱས་པ་མ་ཟད། མཚོ་བོད་ས་མཐོའི་ཐག་རིང་སྐུད་མེད་འཕྲིན་གཏོང་བརྒྱུད་གཏོང་གི་བྲག་གས་ཀྱི་དུས་ཐོག་ཡོམ་ཆུང་ལྟ་ཞིབ་ཚད་ལེན་མ་ལག་ཐོག་མར་བཙུགས་པ་རེད།
     ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་གཞིའི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཤིག་ཡིན་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ་435.48ཟིན་པ་དང་། ཇུས་འགོད་ཀྱི་མྱུར་ཚད་སྤྱི་ལེ་160དང་བོད་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་དེ་ཡིན་པ་རེད། ལས་གྲྭ་དེའི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་75%ཡན་ཟིན་པས། མིག་སྔར་འཛུགས་སྐྲུན་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པ་དང་སྔོན་དཔག་བྱས་ན་2021ལོར་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད། སྐབས་དེ་དུས་རང་རྒྱལ་གྱི་ས་ཁོངས་ལྕགས་ལམ་དྲ་བའི་བཀོད་པ་ལེགས་སུ་ནུས་ལྡན་འགྲོ་རྒྱུ་ཡིན་པ་མ་ཟད། ད་དུང་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་དང་། དམངས་འཚོ་ལེགས་གཏོང་། ལྗོངས་ཕྱི་ནང་ཕན་ཚུན་སྦྲེལ་མཐུད་སོགས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།