འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་4ཉིན།

༄༅།།ཀྲུང་ཙན་དབར་གྱི་འབྲེལ་བ་འགོ་འཛུགས་ས་གསར་པར་སླེབས་ནས་འཕེལ་རྒྱས་ཀྱི་གོ་སྐབས་གསར་
པ་ཕྲད་པ།

—— ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཅེར་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་04ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཕུང་ལི་ཅུན་གྱིས།
“འདས་པའི་ལོ་55ལ་ཕྱིར་ལྟ་བྱས་ཚེ། ཀྲུང་གོ་དང་ཙན་པི་ཡ་རྒྱལ་ཁབ་གཉིས་པོས་མཉམ་ལས་གཉིས་ཁེའི་ལམ་བུ་ཐུན་མོང་མ་ཡིན་པ་ཞིག་མཉམ་དུ་བཏོད་ཡོད། ཀྲུང་ཙན་དབར་གྱི་འབྲེལ་བ་འགོ་འཛུགས་ས་གསར་པར་སླེབས་ནས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཕྲད་ཡོད”
     ཉེ་ཆར་ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཅེས་ཀྲུང་ཙན་སྨྱན་སྦྱོར་གྱི་མཉམ་འབྲེལ་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་ཙན་དབར་ཕྱི་འབྲེལ་བཙུགས་ནས་ལོ་55སོང་རིང་གི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་གྲུབ་འབྲས་ལྷུག་པོར་གླེང་ནས་རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཡོང་བར་རྒྱང་ལྟ་བྱས་པ་རེད།
     ལི་ཅེས། ཀྲུང་ཙན་གྱི་སྲོལ་རྒྱུན་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣ་རྒན་རབས་ཚོས་མཉམ་དུ་བཏོད་པ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་གཉིས་པོའི་མི་རབས་འགའ་ཞིག་གི་འགོ་ཁྲིད་མི་སྣའི་རྒྱབ་སྐྱོར་འོག་ཟམ་མི་ཆད་པར་ཟབ་ཏུ་སོང་བ་ཞིག་རེད། ཀྲུང་ཙན་རྒྱལ་ཁབ་གཉིས་པོར་འདྲ་བའི་ལས་དབང་དང་ཐུན་མོང་གི་འགན་འཁྲི་ཡོད་ཅིང་། ལོ་མང་རིང་རང་སོའི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་འཚོལ་ཞིབ་བྱས་པའི་ཐོག་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རོགས་རམ་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད་ཅེས་བརྗོད་པ་རེད།
      ལི་ཅེས། དཔལ་འབྱོར་ཚོང་དོན་མཉམ་ལས་ཐད། ཀྲུང་གོ་ནི་ཙན་པི་ཡར་མ་དངུལ་འཇོག་མཁན་གཙོ་བོ་ཞིག་ཡིན་ཞིང་། མིག་སྔར་ཀྲུང་གོའི་མ་འཇོག་ཁེ་ལས་600ལྷག་ཙམ་ཙན་པི་ཡར་འཕེལ་རྒྱས་དོན་གཉེར་བྱེད་བཞིན་ཡོད་ཅིང་། ཁྱོན་མ་དངུལ་ཨ་སྒོར་དུང་ཕྱུར་38ལྷག་ཙམ་བཏང་བ་གཏེར་ལས་དང་། ཞིང་ལས། འཛུགས་སྐྲུན་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད། ཙན་པི་ཡའི་ཀྲུང་གོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་ནི་ཀྲུང་གོས་ཨ་ཧྥེ་རི་ཁར་བསྐྲུན་པའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་དང་པོ་དེ་ཡིན་པ་དང་། དེར་ཞུགས་མཁན་ཁེ་ལས་ཀྱིས་ཁྲལ་གྲོན་ཨ་སྒོར་དུང་ཕྱུར་5.52འཇལ་བ་མ་ཟད། ལས་ཞུགས་ལས་གནས་9000ཙམ་བཏོད་ཡོད། གཞན་ཡང་ཀྲུང་གོ་ནི་ཙན་པི་ཡའི་རྨང་གཞིའི་སྒྲིག་བཀོད་འགན་གཙང་ལེན་མཁན་ཚོང་དུད་ཆེ་ཤོས་དེ་ཡིན་ཞིང་། དེས་ཙན་པི་ཡའི་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་གྱི་མངོན་འགྱུར་ལ་རྨང་གཞི་བརྟན་པོ་བཏིངས་ཡོད། མིག་སྔར་ལུའུ་ས་ཁ་རྒྱལ་སྤྱིའི་གནམ་ཐང་དང་ཞ་ཁའེ་ཧྥུའུ་ཞ་གློག་ཁང་སོགས་རྣམ་གྲངས་རབ་དང་རིམ་པར་བརྟན་པོའི་ངང་སྐུལ་མ་ཐེབས་བཞིན་ཡོད་ཅེས་བརྗོད་པ་རེད།
     ལི་ཅེས། ཀྲུང་གོ་ནི་ཙན་པི་ཡའི་ཚོང་དོན་རོགས་ཟླ་ཆེ་གྲས་གཉིས་པ་དེ་ཡིན་ཞིང་། 2018ལོར་ཕྱོགས་གཉིས་པོའི་ཚོང་དོན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་50ཟིན་པ་དེ་དུས་མཚུངས་ལས་33.91%འཕར་བ་ལས། ཙན་པི་ཡས་ཀྲུང་གོར་ཕྱིར་གཏོང་བྱས་པའི་ཨ་སྒོར་དུང་ཕྱུར་41ལྷག་ཙམ་ཟིན་ཡོད། སླད་ཕྱིན་ཀྲུང་གོས་མུ་མཐུད་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཙན་པི་ཡའི་སྤུས་དག་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་པའི་ལྕག་སྐུལ་བྱེད་ཀྱི་ཡིན། ཟླ་བ་རྗེས་མར་ཨ་ཧྥེ་རི་ཁ་ཁུལ་གྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་འབའ་ཞིག་ཡིན་པའི་ཙན་པི་ཡ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་ཀྱི་རེད་ཅེས་བརྗོད་པ་རེད།
     ལི་ཅེས། སྨན་བཅོས་འཕྲོད་བསྟེན་ཐད། 1978ལོ་ནས་བཟུང་། ཀྲུང་གོས་སྨན་བཅོས་རུ་ཁག་བསྟུད་མར་མངགས་ཏེ་ས་གནས་དེའི་ནད་པ་ཁྲི་300ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་གཤགས་བཅོས་ཐེངས་ཁྲི་2ལྷག་ཙམ་བྱས་ཡོད། སློབ་གསོའི་ཐད། མིག་སྔར་ཙན་པི་ཡའི་སློབ་མ་4300ལྷག་ཙམ་ཀྲུང་གོར་སློབ་སྦྱོང་བྱེད་བཞིན་ཡོད། 2010ལོར་ཙན་པི་ཡ་སློབ་ཆེན་ཁུང་ཙི་སློབ་གླིང་བཙུགས་ཚུན་ས་གནས་དེའི་སློབ་མ་ཁྲི་5ལྷག་ཙམ་ལ་རྒྱ་ཡིག་བསླབས་ཡོད་ཅེས་བརྗོད་པ་རེད།