འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་2ཉིན།

༄༅༎ལོ་རྒྱུས་ཀྱི་ཐག་གཅོད་དམག་འཐབ། རླབས་ཆེན་གྱི་གསར་གཏོད་བྱ་ཐབས།

—— འཛམ་གླིང་ཡང་རྩེའི་དབུལ་སེལ་གྱི་ངོ་མཚར་བྱ་གཞག

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་02ཉིན། 12:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འགྲུལ་བཞུད་ཉིན་གཉིས་བྱས་རྗེས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་11དང་ཟོག་འདྲེན་རླངས་འཁོར་31ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོར་འབྱོར་བ་ལས་བོད་ཀྱི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་རྣམ་གྲངས་ཐོག་མ་ལག་ལེན་བསྟར་འགོ་ཚུགས་པ་མཚོན་གྱི་ཡོད། འདི་ནི་དགའ་གྲོང་གྲོང་ཚོའི་མང་ཚོགས་ཀྱིས་ཐག་རིང་ནས་ཡོང་བའི་ཁྱིམ་མཚེས་གསར་པར་མཆོད་ཆང་འདེགས་པ།
འགྲུལ་བཞུད་ཉིན་གཉིས་བྱས་རྗེས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་11དང་ཟོག་འདྲེན་རླངས་འཁོར་31ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོར་འབྱོར་བ་ལས་བོད་ཀྱི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་རྣམ་གྲངས་ཐོག་མ་ལག་ལེན་བསྟར་འགོ་ཚུགས་པ་མཚོན་གྱི་ཡོད། འདི་ནི་དགའ་གྲོང་གྲོང་ཚོའི་མང་ཚོགས་ཀྱིས་ཐག་རིང་ནས་ཡོང་བའི་ཁྱིམ་མཚེས་གསར་པར་མཆོད་ཆང་འདེགས་པ།
     དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་བརྒྱབ་པ་ནས་བཟུང་། བོད་ཀྱིས་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་ཟིན་པའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིར་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ངོ་མཚར་ཞིག་གཏོད་བཞིན་ཡོད་པ་སྟེ། མི་འབོར་དབུལ་པོ་2013ལོའི་ལོ་མཇུག་གི་ཁྲི་80ནས་ན་ནིང་ལོ་མཇུག་གི་ཁྲི་15བར་ཉུང་དུ་ཕྱིན་པ་དང་། རྫོང་དང་ཆུས་དབུལ་པོ་74ནས་19བར་ཉུང་དུ་ཕྱིན་ནས་དབུལ་ཞྭ་ཕུད་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་བསླེབས་པ་དང་དབུལ་པོ་ཐོན་ཚད་30%ནས་5.6%བར་དམའ་རུ་ཕྱིན་ཡོད་པ་རེད། 
     ཀྲུང་གོའི་དབུལ་སེལ་འཐབ་རྩོད་ཀྱི་གཡུལ་ས་གཙོ་བོ་ཞིག་ཡིན་པའི་ཆ་ནས། བོད་ཀྱི་འདི་ལོའི་འགག་སྒྲོལ་དམིགས་ཚད་ནི་མི་འབོར་དབུལ་པོ་ལྷག་མ་ཁྲི་15ལྷག་ཙམ་དབུལ་སྒྲོལ་དང་རྫོང་དང་ཆུས་དབུལ་པོ་19ཡི་དབུལ་ཞྭ་ཕུད་དེ། གངས་ལྗོངས་ས་མཐོར་དབུལ་པོ་དབུལ་རྐྱང་མེད་པ་བཟོ་རྒྱུ་དེ་ཡིན་པ་རེད། 
     སྒོ་རྒྱག་ནས་སྒོ་དབྱེར་བསྐྱོད་པ།
     ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ནས་དབུལ་པོའི་རྩ་བ་དྲུངས་ནས་ཕྱུང་པ། 
     ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གླིང་མདའ་ཤང་མཉམ་ཕྱུག་གྲོང་ཚོ་ནི་གྲོང་ཚོ་ཆགས་ནས་ལོ་2ལས་ཕྱིན་མེད་ཀྱང་དེ་གའི་འཚོ་བ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད། 
     མཉམ་ཕྱུག་གྲོང་ཚོ་ནི་ལྷོ་ཁ་གྲོང་ཁྱེར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་ཆེ་ཤོས་དེ་ཡིན་པ་དང་། ས་བཟུང་རྒྱ་ཁྱོན་མུའུ་708ཡོད་ལ་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་2.1ཟིན་པ་དང་། དུད་ཚང་369དང་མི་1269ཡར་ཀླུང་གཙང་པོའི་རྒྱུད་ཀྱི་གྲོང་ཚོ་ཁག་ནས་དེ་གར་སྤོས་ཡོང་བ་ཞིག་ཡིན་པ་རེད། 
     ལོ་58ལ་སོན་པའི་ཨ་ཁུ་འཕྲིན་ལས་སྡོད་ཁང་གསར་པར་སྤོས་རྗེས་ཧ་ཅང་དགའ་པོ་བྱུང་ནས“དེ་སྔའི་སྡོད་ཁང་རྙིང་པ་དེ་རི་རྐེད་དུ་ཆགས་ཡོད་ལ། གོག་ཧྲུལ་ཡིན་པ་དང་དཀར་ཆ་དོད་པོ་མེད། དགུན་ཁ་ཧ་ཅང་འཁྱོལ་ཁག་པོ་ཡོད། ད་ཆ་སྡོད་ཁང་གསར་པར་ཆུ་གློག་གཉིས་འཛོམས་བྱུང་ནས་དཀར་ཆ་དོད་པོ་ཡོད་པ་མ་ཟད་ད་དུང་ཕྱིར་སྐྱོད་པར་ཡང་ཧ་ཅང་སྟབས་བདེ་འདུག”ཅེས་བརྗོད་པ་རེད། 
     མི་སེར་ཚོའི་འཚོ་བ་གསར་པར་སྟབས་བདེ་སྐྲུན་ཆེད། མཉམ་ཕྱུག་གྲོང་ཚོས་བུ་བཅོལ་ཁང་དང་། འཕྲོད་བསྟེན་ཁང་། གད་སྙིགས་བར་བརྒྱུད་ས་ཚུགས། ལྷས་ར་སོགས་བརྒྱབ་ཡོད་པ་མ་ཟད། ད་དུང་གྲོང་ཚོ་ཨུ་ལྷན་གྱིས་གཅིག་གྱུར་བོགས་གཏོང་དང་དོ་དམ་བྱེད་པའི་ཐོག་བརྩེགས་གཉིས་ལྡན་གྱི་ཚོང་ཁང་ཁང་མིག་28ཡོད་པ་དེས་ལོ་རེར་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་60ལྷག་ཙམ་རག་གི་ཡོད་པ་རེད། 
     དམིགས་བསལ་གྱི་ས་ཁམས་ཁོར་ཡུག་ནི་བོད་ཀྱི་ས་ཁུལ་མང་པོ་དབུལ་པོ་ཆགས་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཡིན། ས་བབ་ཤིན་ཏུ་མཐོ་བ་དང་། གངས་ཆེན་པོ་བབས་ནས་ལམ་འགག་པ། ས་རྒྱུ་ཞན་པ་སོགས་ཀྱི་དབང་གིས། ས་ཁུལ་ཁ་ཤས་ཤིག་ཧ་ལམ་ཕྱི་རོལ་ཡུལ་དང་འབྲེལ་བ་ཆད་དེ“ཡུལ་དེའི་ཐོན་ཁུངས་ཀྱིས་ཡུལ་དེ་གའི་མི་གསོ་མི་ཐུབ་པས”རྒྱ་ཆེའི་མང་ཚོགས་ཚོ་དབུལ་སྒྲོལ་ལམ་བུར་དཀའ་ཚེགས་ཆེན་པོ་འཕྲད་ཀྱི་ཡོད་པ་རེད། 
     ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་དཀའ་ཚེགས་ཅན་འདི་ལེགས་སྒྲུབ་བྱས་ན་གཞི་ནས་དབུལ་སྒྲོལ་ཐུབ་སྟེ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ། 
     ས་བབ་མཐོ་ཚད་སྨི་5000ཡན་ཟིན་པའི་བོད་བྱང་ཐང་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་ཤང་གི་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པས་དབུལ་སྒྲོལ་དཀའ་ཚེགས་ཆེན་པོ་ཡོད་པ་རེད། ན་ནིང་ཟླ་དྲུག་པར། ས་གནས་དེ་གའི་ཞིང་འབྲོག་པ་ཚོ་ས་བབ་མཐོ་ཁུལ་ནས་སྤོས་པའི་བོད་ཀྱི་མང་ཚོགས་ཁག་དང་པོ་ཡིན་པའི་ཆ་ནས། བོད་བྱང་ཐང་ས་མཐོ་ནས་སྤྱི་ལེ་ཆིག་སྟོང་ལྷག་ཙམ་བརྒྱུད་དེ་ལྷ་སར་སྤོས་པ་རེད། མིའི་རིགས་འཚོ་སྡོད་ལ་མི་འཚམ་པའི“དཀའ་ཚེགས་ཆེ་བའི་ཁུལ”ནས་ཁ་བྲལ་ཏེ་ཁྱིམ་གཞིས་གསར་པར་སྤོས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད་པ་རེད། 
     མཉམ་ཕྱུག་གྲོང་ཚོ་དང་རོང་དམར་ཤང་ནི་བོད་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ནས“དབུལ་པོའི་རྩ་བ”དྲུངས་ནས་འབྱིན་པའི་བསྡུས་རིས་ལྟ་བུ་ཞིག་རེད། 
     “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་26.6ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྩིས་ཡོད་པ་རེད། གསར་འགོད་པར་བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་གསལ། མིག་སྔའི་བར། ལྗོངས་ཡོངས་ཀྱི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་ཁུལ(ས་ཚིགས)975ཁྲོད་ཀྱི་910ལེགས་འགྲུབ་བྱུང་ནས་དུད་ཚང་ཁྲི་5.6གི་མི་ཁྲི་24.8སྤོས་པ་དེས་འཆར་གཞིའི་གནས་སྤོས་མི་འབོར་གྱི་93%ཟིན་ཡོད་པ་རེད། 
     “གཞན་བརྟེན”ནས“རང་བརྟེན”དུ་བསྒྱུར་བ། 
     ཁ་གཏད་བོད་སྐྱོར་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། 
     1994ལོར། ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས“ཡུག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་བོད་སྐྱོར་བྱེད་ཕྱོགས་དང“ཡུན་རིང་རོགས་སྐྱོར་དང་རང་འགུལ་བརྗེ་རེས”ཀྱི་ལས་བྱེད་པའི་རོགས་སྐྱོར་བྱེད་སྟངས་བཏོན་པ་ནས་བཟུང་། ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་དུས་ཡུན་རིང་པོར་བོད་ཀྱི་འཕེལ་རྒྱས་ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས་པ་རེད། 
     2016ལོ་ནས་2018ལོའི་བར་ཁོ་ནར། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་17དང་ཀྲུང་དབྱང་ཁེ་ལས་16གིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྣམ་གྲངས་སྣ་ཚོགས་1589ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་93བཏང་ཡོད་པ་རེད། 
     ཟླ་གཅིག་ལྷག་ཙམ་གྱི་གོང་དུ། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་660ལ་དགའ་བདེ་དབུལ་སྐྱོར་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞིས་ཁེ་སྤོགས་བགོ་འགྲེམ་སྒོར་ཁྲི་52.8སྡེབ་གཅིག་ལ་སྤྲད་པ་རེད། དཔེ་སྟོན་རྟེན་གཞིའི་ས་བཟུང་རྒྱ་ཁྱོན་མུའུ་9990ཟིན་པ་དེའི་ནང་ཕྱུགས་ཟོག་གསོ་ཚགས་ཁུལ་དང་། དཀར་ཆུ་ལས་སྣོན་ཁུལ། མི་ཐབས་རྩྭ་འདེབས་ཁུལ་སོགས་ཡོད་པ་རེད། 
     “ཀུང་སི་དེས་ལྷ་སར་ཕྱིར་ཚོང་ས་ཚིགས་5བཙུགས་པར་ཉིན་རེར་ཕྱིར་ཚོང་དངུལ་སྒོར་ཁྲི་1.5ཡས་མས་རག་གི་ཡོད་པ་དང་། དབྱར་ཁར་འབྲོག་དུད་ཚོའི་ལག་ནས་ཉིན་རེར་འོ་མ་སྤྱི་རྒྱ་2250ཡས་མས་ཉོ་སྒྲུབ་ཐུབ་ཀྱི་འདུག”ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་52ཀྱིས་འདི་གར་འོ་མ་བཞོ་བ་དང་། སྤུས་ཚད་ཞིབ་བཤེར། ཕྱིར་ཚོང་སོགས་ཀྱི་ལས་ཀ་བྱས་པར་ཟླ་ཕོགས་སྒོར་4500རེ་སྤྲོད་ཀྱི་ཡོད་ཅེས་རྟེན་གཞིའི་འགན་འཁུར་བ་ལྕགས་ཐར་གྱིས་བརྗོད་པ་རེད། 
     གྲངས་གཞི་ལས་མངོན་པར་གཞིགས་ན། 2016ལོའི་ལོ་འགོ་ནས་ད་བར་དུ། ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2567སྐྲུན་འགོ་ཚུགས་པ་ལས་1701ལེགས་འགྲུབ་བྱུང་ཡོད། ཟླ་བརྒྱད་པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱིས་ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་22.2དུས་བཀག་ལྟར་དབུལ་སྒྲོལ་ཐུབ་ཡོད་པ་རེད། 
     ཡུལ་སྐོར་དབུལ་སྐྱོར་ནི་དབུལ་ཕོངས་སེལ་བའི་བྱེད་ཐབས་ཡག་པོ་གཞན་ཞིག་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་དང་མི་འབོར་ལ་དམིགས་པ་དང་འཛམ་གླིང་ཡང་རྩེའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་བཏང་སྟེ་དུད་ཚང་ཁྲི་སྟོང་མང་པོར་འབབ་འཕར་ཕྱུག་འགྱུར་ཡོང་བའི་སྐུལ་ཁྲིད་བྱས་པས། དེ་སྔའི་རི་གྲོང་དབུལ་པོ་ཁག་གཅིག་གོམ་ཞེང་ཆེན་པོས་འབྱོར་འབྲིང་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད། 
     ལོ་37ལ་སླེབས་པའི་དབང་མོས་ཉིན་ལྟར་སེམས་རྩ་འཁོལ་པོས་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་ཆུང་ངུའི་མཛེས་ལྗོངས་ཁུལ་གྱི་ཐོན་སྒོའི་འགྲམ་དུ་ཡུལ་སྐོར་བའི་རྟ་ཁ་ཁྲིད་ཀྱི་ཡོད་པ་རེད། “ང་ཚོ་འདི་གར་རྟ་50ལྷག་ཙམ་ཡོད་ལ། རྟ་ཁ་ཁྲིད་པ་ལས་མི་རེར་ཉིན་རེར་ཡོང་འབབ་སྒོར་200ལྷག་ཙམ་རག་གི་འདུག”ཅེས་བརྗོད་པ་རེད། 
     དབང་མོ་ཡོད་སའི་བཀྲ་ཤིས་སྒང་གྲོང་ཚོར་དུད་ཚང་66དང་མི་327ཡོད་པ་ལས་མི་180ཡིས་ཁྱིམ་ཚང་མགྲོན་ཁང་གཉེར་གྱི་ཡོད་པ་དེ་དག་གིས་གྲོང་ཚོའི་མི་གྲངས་བསྡོམས་འབོར་གྱི་55%ཟིན་པ་དང་། གཞན་ཡང་། གྲོང་མི་ཁ་ཤས་ཀྱིས་བི་ཤུ་དང་། བོད་ཟས། ཡུལ་ཟོག་སོགས་དམངས་སྲོལ་ཡུལ་སྐོར་རྣམ་གྲངས་གཉེར་གྱི་ཡོད་པ་རེད། བཀྲ་ཤིས་སྒང་གྲོང་ཚོའི་ན་ནིང་གི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1161ཟིན་ནས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་2ལས་བརྒལ་ཡོད་པ་རེད། 
     ད་ཆ། བོད་ལ་གྲོང་གསེབ་ཡུལ་སྐོར་ས་ཚིགས་200ལྷག་ཙམ་ཡོད་པ་དེ་དག་གི་ལོའི་ཡོང་འབབ་སྒོར་དུང་ཕྱུར་12ཟིན་གྱི་ཡོད་པ་དང་། ཡུལ་སྐོར་ལས་ཀ་བྱེད་མཁན་ཞིང་འབྲོག་པ་ཁྲི་7ཟིན་ནས། ཡུལ་སྐོར་ཐོན་ལས་ཀྱིས་མི་འབོར་དབུལ་པོ་ཁྲི་3.2དབུལ་སྒྲོལ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད། 
     འཚོ་གནས་ཐུབ་ཙམ་ནས་འཚོ་བ་ཡག་པོ་བསྐྱལ་བའི་བར། 
     དམངས་འཚོ་ལེགས་གཏོང་ལ་རྣམ་པ་གསར་པ་མངོན་པ། 
     གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་ཤང་ལྷ་ཀླུ་གྲོང་ཚོའི་གྲོང་མི་ཚེ་སྒྲོན་ལ་མཁྲིས་རྡོ་དང་མཆིན་སྦུག་ལ་སྐྲན་ཆགས་པས་རྫོང་མི་དམངས་སྨན་ཁང་དུ་བསྐྱལ་དགོས་བྱུང་ཞིང་། ཆུ་ཚོད་བཞི་ཙམ་གཤགས་བཅོས་བྱས་ནས་མྱུར་སྐྱོབ་བྱས་པ་བརྒྱུད་ཁོ་མོ་ཉེན་ཁའི་གནས་ལས་ཐར་ཙམ་བྱུང་། 
     ནད་གཞི་སྨན་བཅོས་ཡག་པོ་བྱུང་ཡང་དུད་ཚང་དབུལ་པོ་ཡིན་པའི་ཚེ་སྒྲོན་ལ་སེམས་ཁྲལ་ཕྲན་བུ་བྱུང་ནས། “ད་རེས་ཀྱི་ནད་གཞིས་ཞིང་ལས་འཐུས་ཤོར་སོང་བ་མ་ཟད། སྨན་རིན་ཡང་མང་པོ་ཕྱིན་ཡོད་ངེས་རེད”ཅེས་ཁོ་མོས་བཤད། 
     འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་སྨན་བཅོས་འགྲོ་སོང་སྒོར་ཁྲི་2ལྷག་ཙམ་ནས་སྲིད་གཞུང་གིས་90%རྩིས་ཞུ་བྱས་པས་རང་ཉིད་ནས་སྒོར་2000ལས་གཏོང་དགོས་མ་བྱུང་། “སྨན་ཁང་དུ་སྡོད་ཐེངས་དང་པོ་ཡིན། སྨན་རིན་མང་པོ་དེ་འདྲ་རྩིས་ཞུ་བྱེད་ཀྱི་ཡོད་པ་བསམ་མ་བྱུང”ཞེས་ཚེ་སྒྲོན་གྱིས་དགའ་ཚོར་ཆེན་པོས་བཤད་། 
     མིག་སྔར“གཞི་རྩའི་སྨན་བཅོས་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ”བཅས་སྨན་བཅོས་འགན་ལེན་ཆེ་གྲས་གསུམ་བོད་ཀྱི་དུད་ཚང་དབུལ་པོ་ཚང་མར་ཁྱབ་ཡོད། “ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག”གི་མི་འབོར་དབུལ་པོ་2016ལོའི་མི་ཁྲི་6.34ནས་མི་ཁྲི་1.18བར་ཉུང་དུ་ཕྱིན་ཡོད། དེ་དང་དུས་མཚུངས་ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ཡུལ་ནད་ཕྱོགས་ཡོངས་ནས་གྲལ་བཤེར་ཐུབ་ནས་ནད་པ་ཁྲི་3ཙམ་ལ་རིན་མེད་སྨན་བཅོས་བྱས་ཡོད། 
     “ན་དུས་སྨན་བཅོས་ཐུབ་པའི”སྨན་བཅོས་འགན་ལེན་གྱིས་དུད་ཚང་དབུལ་པོའི་བདེ་ཐང་ལ་སྲུང་སྐྱོབ་བྱས་པ་དང་། “བྱིས་པར་སློབ་གསོ་ཐོབ་པའི”སློབ་གསོ་འགན་ལེན་གྱིས་དུད་ཚང་དབུལ་པོའི་བུ་ཕྲུག་ལ“ཕུགས་ཕན་གྱི་འཆར་གཞི”བཏིང་ཡོད། 
     ལོ་23ལ་སླེབས་པའི་བཀྲ་ཤིས་ཕུན་ཚོགས་ནི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན། གཞེས་ནིང་རླངས་འཁོར་གྱི་ལས་འཛོལ་ཐོན་ནས་ཨ་མ་ལགས་ཚེ་ལས་འདས་པ་དང་། པཱ་ལགས་ཀྱང་དབང་པོ་སྐྱོན་ཅན་ཡིན་པས་ངལ་རྩོལ་ནུས་པ་ཤོར། ད་དུང་ཁྱིམ་དུ་གཅུང་པོ་གཉིས་དང་གཅུང་མོ་གཅིག་སློབ་གྲྭར་འགྲིམ་བཞིན་ཡོད་པས་ཁྱིམ་གྱི་འཚོ་བ་ཨ་ཁུ་ལགས་ཀྱི་གླ་པའི་ཡོང་འབབ་ཁོ་ནར་བརྟེན་དགོས་ཀྱི་ཡོད། 
     རྒྱལ་ཁབ་ཀྱི“འགན་ལེན་གསུམ”(བཟའ་སྡོད་དང་གཞི་རྩའི་སློབ་གྲོན་འགན་ལེན)གྱི་སྲིད་ཇུས་ལས་བཀྲ་ཤིས་ཕུན་ཚོགས་ཀྱི་སློབ་ཆུང་ནས་མཐོ་རིམ་སློབ་འབྲིང་བར་གྱི་འགྲོ་གྲོན་ཧ་ཅང་ཉུང་ཉུང་ཡིན། 2016ལོར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་ཚུད་རྗེས། སློབ་གྲྭས་ལོ་གསུམ་རིང་གི་སློབ་ཡོན་ཆག་ཡང་དང་རྩ་ཆག་བཏང་བ་མ་ཟད། ད་དུང་ལོ་ལྟར་ཁ་གསབ་དངུལ་སྒོར་3000སྤྲད་པ་དང་འབྲེལ་སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་གསོག་པའི་ལས་གནས་མཁོ་འདོན་བྱས། “གལ་སྲིད་སྲིད་ཇུས་ཡག་པོ་འདི་འདྲ་མེད་ན། ང་རང་སྔ་ས་ནས་ཨ་ཁུ་ལགས་དང་མཉམ་དུ་གང་སར་གླ་པ་རྒྱུག་པར་ཕྱིན་ཡོད་ངེས་རེད”ཅེས་བཀྲ་ཤིས་ཕུན་ཚོགས་ཀྱིས་བཤད་བྱུང་། 
     བུ་རབས་ཚ་རྒྱུད་དབུལ་པོ་མི་ཡོང་བ་བྱེད་པའི་གཞི་རྩའི་བྱ་ཐབས་ཤིག་གི་ངོས་ནས་སློབ་གསོ་ལས་བཀྲ་ཤིས་ཕུན་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་ཕྱིན། 
     འདི་ལོའི་ལོ་སྟོད་དུ། བོད་ཀྱིས“ཡིག་ཚགས་དང་གཱ་བཟོས་པའི་སློབ་མའི”རིན་མེད་སློབ་གསོའི་ཁ་གསབ་མ་དངུལ་སྒོར་ཁྲི་4900ལྷག་ཙམ་དོན་འཁྱོལ་བྱས་ནས། ཡིག་ཚགས་དང་གཱ་བཟོས་པའི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་སློབ་ཆེན་སློབ་མ་ཁྲི་1.1ལྷག་ཙམ་ལ་རོགས་རམ་བྱས་པ་དང་། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་ལོ་ལོན་པའི་ལོ་ཆུང་བྱིས་པ་སློབ་གྲྭར་ཞུགས་པ་དང་སྲ་བརྟན་བྱུང་ཚད་99.5%དང་93.9%སོ་སོར་ཟིན་ཡོད། 
     བོད་འདི་ཉིད་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་སུམ་ཆ་གཅིག་ཡན་བཟུང་ནས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་སྣོད་བཅུད་ཁ་གསབ་སྤྲོད་རྒྱུ་དེ་དབུལ་སྒྲོལ་གྱི་བྱ་ཐབས་གལ་ཆེན་ཞིག་ལ་བརྩིས་ནས་ལག་བསྟར་བྱས་པས། མིག་སྔར། ལྗོངས་ཡོངས་སུ་སྣོད་བཅུད་ནགས་སྲུང་བའི་ལས་གནས་ཁྲི་60ལྷག་ཙམ་ཡོད་པ་དང་། ཞིང་འབྲོག་པས་ནགས་སྲུང་དང་། རྩྭ་སྲུང་། ཆུ་སྲུང་སོགས་སྤྱི་ཕན་རང་བཞིན་གྱི་སྣོད་བཅུད་སྲུང་སྐྱོང་ལས་ཀ་ལས་ཁྱོན་ཡོང་འབབ་སྒོར་དུང་ཕྱུར་33ཙམ་ཡོད། 
     དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་ཐོག་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་གི་སྣོད་བཅུད་ཁོར་ཡུག་ཆེས་ལེགས་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། ཞིང་འབྲོག་པའི་འཚོ་བའང་ལོ་རེ་བཞིན་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད། གནས་དེ་གའི་དབུལ་སྒྲོལ་གྲུབ་འབྲས་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་བ་མ་ཟད། ད་དུང་རང་རྒྱལ་གྱིས་མཐའ་མཚམས་མི་རིགས་ས་ཁུལ་དུ་དབུལ་སེལ་གྱི་ངོ་མཚར་བྱས་རྗེས་ཀྱང་བཏོད་ཡོད།
འདི་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱི་གྲོང་མིས་རྨོད་གཉའ་གཅོག་པའི་མཛད་སྒོ་གཉེར་བ།
འདི་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱི་གྲོང་མིས་རྨོད་གཉའ་གཅོག་པའི་མཛད་སྒོ་གཉེར་བ།