འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་1ཉིན།

༄༅༎ཕྱི་འབྲེལ་པུས་རྒྱ་གར་ཕྱོགས་ལ་ཀྲུང་གོ་ཕྱོགས་ཀྱི་མངའ་ཁོངས་བདག་དབང་ལ་བརྩི་འཇོག་ཏན་ཏིག་བྱས་ནས་ཕྱོགས་གཉིས་ཀའི་
འབྲེལ་ཡོད་ཆོད་དོན་ལ་བརྩི་སྲུང་ནན་མོ་ཞུ་དགོས་པའི་སྐུལ་འདེབས་གཏོང་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་01ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་31ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་རྒྱ་གར་སྲིད་གཞུང་གིས“ཁྲ་མོ་དང་ཀ་སྨིར་ཀྲུང་དབྱང་ཐད་སྐྱོང་ཁུལ”དང“ལ་དྭགས་ཀྲུང་དབྱང་ཐད་སྐྱོང་ཁུལ”ཞེས་པ་འཛུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ནས་ཀྲུང་གོ་ཕྱོགས་ཀྱི་མངའ་ཁོངས་ཁག་ཅིག་རྒྱ་གར་གྱི་སྲིད་འཛིན་བདག་སྐྱོང་བྱེད་ཁོངས་སུ་བཅུག་པ་རེད། ཀྲུང་གོ་ཕྱོགས་དེར་གཏན་ནས་མི་འཐད་ཅིང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཀེང་ཧྲོང་གིས་ཉིན་དེའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་གོང་གི་གཏམ་བཤད་སྤེལ་བ་རེད།
     ཀེང་ཧྲོང་གིས་རྒྱ་གར་ཕྱོགས་ཀྱིས་ཕྱོགས་རྐྱང་པས་རྒྱལ་ནང་གི་བཅའ་ཁྲིམས་དང་སྲིད་འཛིན་ས་ཁོངས་ལ་བཟོ་བཅོས་རྒྱག་པའི་བྱ་ཐབས་བརྒྱུད་ཀྲུང་གོའི་བདག་དབང་གི་ཁེ་དབང་ལ་འགྲན་སློང་བྱས་པ་རེད། བྱ་སྤྱོད་དེ་ནི་ཁྲིམས་འགལ་དང་ནུས་པ་མེད་པ་ཞིག་ཡིན་ལ། འབྲེལ་ཡོད་ས་ཁུལ་དག་ཀྲུང་གོས་དངོས་སུ་ཚོད་འཛིན་བྱས་ཡོད་པའི་དོན་དངོས་ལ་འགྱུར་ལྡོག་གཏོང་མི་སྲིད་ཅིང་། ནུས་པ་གང་ཡང་ཐོན་མི་སྲིད་ཅེས་བརྗོད།
     ཀེང་ཧྲོང་གིས“ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་ལ་ཀྲུང་གོ་ཕྱོགས་ཀྱི་མངའ་ཁོངས་བདག་དབང་ལ་བརྩི་འཇོག་ཏན་ཏིག་བྱས་ནས་ཕྱོགས་གཉིས་ཀའི་འབྲེལ་ཡོད་ཆོད་དོན་ལ་བརྩི་སྲུང་ནན་མོ་ཞུ་དགོས་པ་དང་། དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་གཉིས་ཀས་རྒྱལ་མཚམས་གནད་དོན་ཐག་བཅད་འོས་འཚམ་བྱེད་པར་དགེ་མཚན་ལྡན་པའི་མཐུན་རྐྱེན་སྐྲུན་དགོས་པའི་སྐུལ་འདེབས་གཏོང་རྒྱུ་ཡིན”ཞེས་བརྗོད།
     ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀ་སྨིར་གནད་དོན་ཐད་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གཅིག་པ་ཡིན་པ་དང་གསལ་པོ་ཡིན། གནད་དོན་འདི་ནི་ལོ་རྒྱུས་ཤུལ་ལུས་ཀྱི་རྩོད་གཞི་ཞིག་ཡིན་པས། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》དང་འབྲེལ་ཡོད་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད། དེ་བཞིན་ཕྱོགས་གཉིས་ཀའི་གྲོས་ཆོད་གཞིར་བཟུང་ཞི་བདེའི་བྱེད་ཐབས་ལ་བརྟེན་ནས་ཐག་གཅོད་འོས་འཚམ་བྱེད་དགོས། འབྲེལ་ཡོད་ཕྱོགས་ཀྱིས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་འབྲེལ་ཡོད་རྩོད་གཞི་ཐག་གཅོད་བྱས་ཏེ་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཞེས་བརྗོད་པ་རེད།