འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་1ཉིན།

༄༅༎རང་རྒྱལ་གྱི་ཕྱི་དངུལ་སྤྱོད་ཚད་ལོ་27བསྟུད་མར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཨང་དང་པོར་སླེབས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་01ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་འཚོགས་པའི“ཁྲིམས་སྐྱོང་ཧུའུ་པེའི་གླེང་སྟེགས”སྐབས་བཅུ་གཅིག་པའི་ཐོག་ཚོང་དོན་པུའི་ཕྱི་དངུལ་མ་འཇོག་སིའི་སི་ཀྲང་གཞོན་པ་ཡེ་ཝེ་ཡིས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་སྐབས་རང་རྒྱལ་གྱི་ཕྱི་དངུལ་སྤྱོད་ཚད་དེ་ལོ་27བསྟུད་མར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཨང་དང་པོར་སླེབས་ཡོད་ཅེས་གསུངས་པ་རེད།
     《〈ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས〉ཀྱི་ཁྲིམས་འཛུགས་རྒྱབ་ལྗོངས་དང་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁྲིམས་སྐྱོང་འགན་ལེན》ཞེས་པ་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་ནང་ཡེ་ཝེ་ཡིས་མིག་སྔར་རང་རྒྱལ་གྱིས་ཕྱི་དངུལ་སྤྱོད་པར་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གནང་ཞིང་། དེའི་ནང་རྒྱལ་སྤྱིའི་ཁོར་ཡུག་ཐད། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་འགོར་བ་དང་རྒྱལ་སྒྲོལ་གྱི་ཐད་ཀའི་མ་འཇོག་མུ་མཐུད་ཆག་པ་དང་། ཚོང་དོན་དང་མ་འཇོག་སྲུང་སྐྱོང་རིང་ལུགས་གང་སར་མཆེད་པ། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་བཟོ་སྐྲུན་ལས་རིགས་ལ་ཤུགས་རྐྱེན་ཐེབས་པ། རྒྱལ་སྤྱིའི་མ་འཇོག་ནང་འདྲེན་གྱི་འགྲན་རྩོད་ཉིན་རེ་བཞིན་ཛ་དྲག་ཏུ་ཕྱིན་པ། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་རྣམ་པར་ལེགས་སྒྲིག་གཏིང་ཟབ་བྱུང་བ་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་འཐབ་འགྲན་ཛ་དྲག་ཏུ་སོང་བ་བཅས་ཕྱོགས་བཞིའི་ཁྱད་ཆོས་མངོན་ཡོད། རྒྱལ་ནང་གི་ཁོར་ཡུག་ཐད་གཙོ་བོ་ཚོང་གཉེར་ཁོར་ཡུག་ད་དུང་སྔར་བས་ལེགས་སུ་གཏོང་དགོས་པ་དང་མ་འཇོག་ནང་འདྲེན་གྱི་ཕྱོགས་བསྡུས་ལེགས་ཆ་སྔར་བཞིན་ལྡན་ཡོད་ཅེས་གསུངས་པ་རེད།
     ཡེ་ཝེས་འབྲེལ་ཡོད་བསྡོམས་རྩིས་གྲངས་གཞི་ལས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། 1978ལོ་ནས་2018ལོ་བར་ཀྲུང་གོས་རིམ་རྩིས་བྱས་ན་དོན་དངོས་ཐོག་ཕྱི་དངུལ་སྤྱོད་ཚད་ཨ་སྒོར་དུང་ཕྱུར་ཁྲི་2.1ཟིན་པ་དང་། 1992ལོ་ཚུན་ཀྲུང་གོས་ཕྱི་དངུལ་སྤྱོད་ཚད་ལོ་27བསྟུད་མར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཨང་དང་པོར་སླེབས་པ་མཚོན་ཡོད་ཅེས་གསུངས་པ་རེད།
     ཡེ་ཝེས་ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་བཟོས་པ་དེ་ནི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཕྱི་རྒྱལ་ཚོང་པའི་མ་འཇོག་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་། ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་ལམ་ལུགས་དུས་བསྟུན་འཕེལ་རྒྱས་དང་། འཐུས་ཚང་། འཕེལ་རྒྱས་བཅས་གཏོང་བའི་བླང་བྱ་དངོས་ཤིག་ཡིན་པ་དང་ཆབས་ཅིག་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བླང་བྱ་དངོས་ཤིག་ཀྱང་ཡིན་པའི་ངོས་འཛིན་གནང་བ་རེད།