འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་1ཉིན།

༄༅༎བོད་ལྗོངས་ནག་ཆུར་2016ལོ་ནས་ད་བར་རིམ་རྩིས་བྱས་ན་མི་དབུལ་པོ་ཁྲི་12.1ལྷག་ཙམ་ཉུང་དུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་01ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ● 2016ལོ་ནས་ད་བར། ནག་ཆུར་རིམ་རྩིས་བྱས་ན་དུད་ཚང་དབུལ་པོ་ཁྲི་2.83ལྷག་ཙམ་དང་མི་དབུལ་པོ་ཁྲི་12.1ལྷག་ཙམ་ཉུང་དུ་ཕྱིན་པ་དང་། དབུལ་པོ་ཐོན་ཚད་22.7%ནས་དབུལ་པོ་མེད་པའི་བར་འགྱུར་ལྡོག་བྱུང་སྟེ་འབྲི་རུ་དང་། ཨ་མདོ། སྙན་རོང་། ལྷ་རི། སོག་རྫོང་། དཔལ་མགོན་བཅས་རྫོང་6དབུལ་སྒྲོལ་ཐུབ་ཡོད།
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བོད་ལྗོངས་གཞུང་ཕྱོགས་ཀྱིས་ཚེས་29ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་ནག་ཆུ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་བརྡ་ཁྱབ་བཏང་བ་རེད། ཚོགས་འདུའི་ཐོག་ནག་ཆུ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་བཀྲ་རྣམ་གྱིས་2016ལོ་ནས་ད་བར། ནག་ཆུར་རིམ་རྩིས་བྱས་ན་དུད་ཚང་དབུལ་པོ་ཁྲི་2.83ལྷག་ཙམ་དང་མི་དབུལ་པོ་ཁྲི་12.1ལྷག་ཙམ་ཉུང་དུ་ཕྱིན་པ་དང་། དབུལ་པོ་ཐོན་ཚད་22.7%ནས་དབུལ་པོ་མེད་པའི་བར་འགྱུར་ལྡོག་བྱུང་སྟེ་འབྲི་རུ་དང་། ཨ་མདོ། སྙན་རོང་། ལྷ་རི། སོག་རྫོང་། དཔལ་མགོན་བཅས་རྫོང་6དབུལ་སྒྲོལ་ཐུབ་ཡོད་ཅེས་བརྗོད་པ་རེད།
     ནག་ཆུ་གྲོང་ཁྱེར་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་37ཡོད་པ་དང་། 2018ལོའི་ཟླ་4པར་ནག་ཆུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བ་རེད།
     མིག་སྔར། ནག་ཆུ་ནས་ལྷ་སའི་བར་གྱི་རིམ་མཐོའི་གཞུང་ལམ་སྐྲུན་བཞིན་ཡོད་ལ། གཞུང་ལམ་རྣམ་གྲངས་དེར་རླངས་འཁོར་ཤར་གཏོང་ཐུབ་རྗེས་ས་ཡུལ་གཉིས་བར་རླངས་འཁོར་སྐྱོད་པའི་དུས་ཚོད་ཆུ་ཚོད་3ཙམ་བར་ཐུང་དུ་འགྲོ་རྒྱུ་རེད།
     བཀྲ་རྣམ་གྱིས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60ཡི་རིང་། ནག་ཆུའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་ཡོད་པ་དང་། “2018ལོར། ནག་ཆུ་གྲོང་ཁྱེར་གྱི་GDPསྒོར་དུང་ཕྱུར135.67ཟིན་ནས་1990ལོ་ལས་ལྡབ་45འཕར་ཡོད་པ་རེད། 2012ནས་2018ལོ་བར་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་853.37བཏང་བ་ནི1961ནས་2012ལོ་བར་གྱི་སྤྱིའི་བསྡོམས་འབོར་གྱི་ལྡབ་2.9ཡིན་པ་རེད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོན་གྲངས་གཙོ་བོ་འཕར་ནས་ནག་ཆུའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ར་སྤྲོད་བྱུང་ཡོད་ཅེས་བརྗོད་པ་རེད།
     བཀྲ་རྣམ་གྱིས་ནག་ཆུས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་ལག་བསྟར་བྱས་ཏེ་མིག་སྔར་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་315ཡོད་ལ། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་11.79དང་དགེ་རྒན་7500ལྷག་ཙམ་ཡོད་པ་རེད། འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་ནས་གྲོང་ཁྱེར་ཡོངས་སུ་རིམ་པ་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1395ཡོད་ལ་ཞིང་འབྲོག་ཁུལ་དུ་སྨན་བཅོས་ལམ་ལུགས་ཁྱབ་ཚད་100%ཟིན་པ་དང་། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་དེ“ཀ་པ་རིམ་པ་གསུམ་པའི”སྨན་ཁང་དུ་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་ཡོད་ཅེས་བརྗོད་པ་རེད།
     ནག་ཆུ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟླ་བས་ནག་ཆུ་ནི་བོད་ལྗོངས་ཀྱི་འབྲོག་ལས་ཐོན་སྐྱེད་རྟེན་གཞི་གཙོ་བོ་ཡིན་པ་དང་། འབྲོག་ལས་འཕེལ་རྒྱས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཁྲོད་ནུས་པ་ཆེན་པོ་བཏོན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ནག་ཆུས“ཁེ་ལས﹢རྟེན་གཞི﹢མཉམ་ལས་ཁང﹢འབྲོག་དུད”ཀྱི་འཕེལ་རྒྱས་རྣམ་པ་རིམ་བཞིན་བཙུགས་ནས“ཕྱིར་བསྐྱོད་པའི” འཐབ་ཇུས་ལག་བསྟར་བྱས་ཏེ་འབྲོག་ཟོག་ཐོན་རྫས་ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཉོ་ཚོང་འདུ་ཚོགས་དང་། ཀྲེ་ཅང་ཞིང་ལས་དངོས་མང་སྟོན་ཚོགས། བོད་ཀྱི་དངོས་མང་སྟོན་ཚོགས་སོགས་ཀྱི་ནང་ཧུར་ཐག་འགྲེམས་སྟོན་བྱས་པ་དང། ཐོན་རྫས་སི་ཁྲོན་དང་ཀྲེ་ཅང་སོགས་ཀྱི་ཁྲོམ་རའི་ཐོག་བདེ་བླག་ངང་བཏོན་ནས“བྱང་ཐང་འབྲོག་རའི”སྤུས་རྟགས་རིམ་བཞིན་བཏོད་ཡོད་ཅེས་བརྗོད་པ་རེད།