འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་24ཉིན།

༄༅༎གཡང་གཟར་ཨར་ཇག་ལར་མྱུར་བགྲོད་གཞུང་ལམ་བསྐྲུན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་24ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཉིན་ཤས་གོང་། གསར་འགོད་པ་སླར་ཡང་ཁྲོན་བོད་གཞུང་ལམ་དུ་སྐྱོད་སྐབས། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དུ། ཨར་ཇག་ལའི་འགྲིམ་འགྲུལ་ལ་འཕོ་འགྱུར་ཐེངས་གསུམ་བྱུང་ཚུལ་ཤེས་རྟོགས་བྱུང་། རླངས་འཁོར་ལ་ལ་འཛེག་མི་ཐུབ་པ་ནས་འཛེག་ཐུབ་པར་གྱུར་པ་དང་། ལམ་ཐག་དུས་ཡུན་ཉིན་གསུམ་ནས་ཆུ་ཚོད་གསུམ་བར་དང་། ཡང་སྐར་མ་བཅོ་ལྔ་བར་ཐུང་དུ་ཕྱིན་ནས་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་ཟམ་མི་ཆད་པར་བསྣན་ཡོད།
     དཀའ་ཚེགས་ཆེན་པོས་གཞུང་ལམ་བསྐྲུན།
     ཨར་ཇག་ལ་ནི་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ཐེན་ཆོན་རྫོང་དང་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལྕགས་ཟམ་ཁ་རྫོང་གི་མཚམས་སུ་ཡོད་པ་དང་། སི་ཁྲོན་གཤོངས་ས་ནས་མཚོ་བོད་མཐོ་སྒང་དུ་སྐྱོད་སའི་རང་བྱུང་བཙན་འགག་དང་པོ་དེ་རེད། 
     ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མར། བོད་སྐྱོད་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པས་འཕྲུལ་ཆས་སོགས་གང་ཡང་མེད་པའི་གནས་ཚུལ་འོག ཨར་ཇག་ལར་གཞུང་ལམ་བསྐྲུན་ཅིང་། འཐབ་འཛིང་བ་ཚོས་སྐེད་པར་ཐག་པ་བཅིངས་ནས་རི་སྐེད་དུ་དཔྱངས་བ་ཏེ་མི་གཅིག་གིས་གཟོང་བཟུང་བ་དང་། མི་གཅིག་གིས་ཐོ་བ་བཞུས་ནས་སྤྱི་ལེ་རེར་མི་བདུན་གྱི་ཚེ་སྲོག་ཤོར་བའི་རིན་འདོད་ཆེན་པོར་མ་བལྟོས་པར་གཡང་གཟར་རི་བོར་མཁའ་ལམ་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་པར་བྱས་པ་རེད།
     1995ལོར་ཨར་ཇག་ལའི་ཕུག་ལམ་ལས་གྲྭ་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་དགུ་པའི”འཆར་གཞིར་བཅུག་པ་དང་། 1996ལོར་སྐྲུན་འགོ་བཙུགས། 2001ལོར་ཕུག་ལམ་དངོས་སུ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། “མི་སེར་ཚོས་འདི་ནི་དཀར་མཛེས་བོད་རིགས་ས་ཁུལ་ལ་བཅིངས་འགྲོལ་ཐེངས་གཉིས་པ་བཏང་བ་ཞིག་རེད”ཅེས་ཤོད་ཀྱི་ཡོད། ཨར་ཇག་ལའི་ཕུག་ལམ་གྱི་འཛུགས་སྐྲུན་ལ་ཞུགས་མྱོང་བའི་ལོ་ཝེ་ཏུང་གིས་གསར་འགོད་པར་ཕུག་ལམ་དེ་ནི་རང་རྒྱལ་གྱི་ཆེས་རིང་ཤོས་དང་། ཚོད་དཔག་དཀའ་ཤོས། ས་བབ་མཐོ་ཤོས། སའི་ལྡོག་ཤུགས་ཆེ་ཤོས་བཅས་རེད་ལ། ས་གཤིས་ཀྱི་ཆ་རྐྱེན་ཧ་ཅང་རྙོག་འཛིང་ཆེ་བ་དང་མུ་འཁྱུད་རི་བོ་སྟུག་པའི་གཞུང་ལམ་གྱི་ཕུག་ལམ་ཞིག་ཡིན་པ་མ་ཟད། སྐབས་དེ་དུས་ཀྱི་ཆུ་ཚད་མཐོ་ཤོས་ཀྱང་མཚོན་གྱི་ཡོད་ཅེས་བཤད།
     ཁྲོན་བོད་ཀྱི་འོབས་ཆེན་ཡངས་པའི་གཞུང་ལམ་དུ་གྱུར་པ།
     2018ལོའི་ལོ་མཇུག་ཏུ། རྒྱལ་ལམ་318འབྲེལ་བའི་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། དེའི་ནང་རིང་ཚད་ཁྱོན་སྤྱི་ལེ་13.4ཟིན་པའི་ཨར་ཇག་ལའི་ཕུག་ལམ་རིང་ཤོས་དེ་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་ཡིན་པ་དང་། 2017ལོར་སྔ་སྣུར་དུ་ཏལ་འབིགས་ཐུབ་ཡོད། 2011ལོར་ལོ་32ལ་སླེབས་པའི་ཀྲེང་ཅན་གོར་རྣམ་གྲངས་དེ་རག་རྗེས་དགའ་ཐག་ཆོད་ནས་ཉིན་མཚན་གསུམ་གཉིད་ཁུག་མེད། ཁོང་གིས“ཕུག་ལམ་དེ་བསྐྲུན་པར་ལག་རྩལ་གྱི་དཀའ་གནད་ཆེ་བ་དང་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པས། ནུས་ཤུགས་ཡོད་རྒུ་བཏོན་ནས་སྒྲུབ་པའི་དམ་བཅའ་བཞག་པ་ཡིན”ཞེས་བཤད།
     ཁྲེན་ཅན་གོས“སྐབས་དེ་དུས་ཉིན་མོ་སྙན་སེང་ཞུ་བ་དང་མཚན་མོ་ཆུ་ཚོད་12བར་བཟོ་བཅོས་བརྒྱབ་རྗེས་གཞི་ནས་ཁྱིམ་དུ་ལོག་གི་ཡོད། གཟའ་མཇུག་ཏུ་ངལ་གསོ་རྒྱག་དགོས་བསམ་ཡང་། འཆམ་འཆམ་དུ་འགྲོ་སྐབས་ལས་ཀ་བློར་འཁོར་ནས་གཞུང་ལས་ཁང་དུ་བསྐྱོད་དེ་ལས་དུས་འཕར་མ་མ་བྱས་ན་མི་གོམས་པའི་ཚོར་སྣང་འདུག”ཅེས་བཤད།
     ལམ་བཟོ་པ་ཚོས་ལག་རྩལ་གསར་པ་དང་བྱེད་ཐབས་གསར་པ་སྤྱད་དེ་ཨར་ཇག་ལའི་ཕུག་ལམ་གསར་པ་བསྐྲུན་པའི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་རང་བྱུང་བཙན་འགག་ཏུ་ཡངས་པའི་གཞུང་ལམ་བསྐྲུན་པའི་དུས་རབས་གསར་པའི་ངོ་མཚར་བཏོད་ཡོད། ད་ཆ་མི་རྣམས་ཨར་ཇག་ལའི་འགག་ལམ་ནས་སྒྲོལ་ཐུབ་ཡོད།
     མྱུར་བགྲོད་གཞུང་ལམ་གྱིས་འཕེལ་རྒྱས་ལ་སྐུལ་མ་ཐེབས།
     ཨར་ཇག་ལར་ལམ་བཟོས་པར་བརྟེན་དཀར་མཛེས་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ཀྱང་མགྱོགས་སུ་ཕྱིན་ཡོད།
     “སྔོན་མ་དར་མདོའི་ར་རྔ་ཁལ་ལ་སྐྱོད་དགོས་ཚེ། གནས་ཚང་གཡར་ནས་དགོང་མོ་ཞག་སྡོད་བྱེད་དགོས་ཀྱི་ཡོད། ད་ཆ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པས། ཞོགས་པ་ཁྲེང་ཏུའུ་ནས་ཐོན་ན། ཉིན་གུང་འབྱོར་ཐུབ་པས་ཧ་ཅང་སྟབས་བདེ་རུ་ཕྱིན་འདུག”ཅེས་པར་ལེན་ལ་དགའ་བའི་ཁྲེང་ཏུའུ་བ་ལི་ཤའོ་ཕིང་གིས་བརྗོད། ད་ཆ་འགྲིམ་འགྲུལ་འཕེལ་རྒྱས་ཆེན་པོ་ཕྱིན་པར་བརྟེན། བོད་རིགས་ས་ཁུལ་གྱི་ཡིད་དུ་འོང་བའི་མཛེས་ལྗོངས་སྐྱེ་བོ་མང་པོའི་མིག་གི་ལོངས་སྤྱོད་དང་པར་ལེན་བྱ་ཡུལ་དུ་གྱུར་ཡོད།
     “ཡུལ་སྐོར་བའི་ཡིད་དབང་འགུག་ཆེད། ང་ཚོས་སྔོན་མ་རིག་གནས་བྱེད་སྒོ་སྣ་ཚོགས་དཔེར་ན། བྲོ་འཁྲབ་པ་དང་ལ་གླུ་གཏོང་བ་སོགས་བྱས་ཀྱང་། ཡུལ་སྐོར་དུ་ཡོང་མཁན་མང་པོ་མེད། གཡག་རྔ་ནས་དར་མདོའི་བར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་རྗེས། ཡུལ་སྐོར་བ་མང་དུ་ཕྱིན་པར་བརྟེན་མི་སེར་མང་པོ་ཞིག་གི་ཚོང་ཡང་ཇེ་ཡག་ཏུ་ཕྱིན་ནས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་ཡོད”ཅེས་དར་མདོ་གྲོང་ཁྱེར་གཡག་རྭ་ཤང་གཡག་རྭ་ཟམ་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲེན་ཅན་དབྱིང་གིས་གསར་འགོད་པར་བརྗོད།
     ཁྲོན་བོད་གཞུང་ལམ་དུ་ངོ་མཚར་གསར་གཏོད་མུ་མཐུད་བྱེད་བཞིན་མཆིས། རིང་ཚད་ཁྱོན་སྤྱི་ལེ་8.4ཡོད་པའི་རྒྱུ་ལ་ཁའི་ཕུག་ལམ་སྐྲུན་བཞིན་ཡོད་པ་དང་། དར་མདོ་ནས་ར་རྔ་ཁལ་བར་དང་ར་རྔ་ཁལ་ནས་འབའ་ཐང་བར་སོགས་ཀྱི་མྱུར་བགྲོད་གཞུང་ལམ་འཆར་འགོད་བྱེད་བཞིན་ཡོད་ལ། ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པའི་བོད་རིགས་ས་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཡང་མགྱོགས་མྱུར་བསྐྲུན་ཟིན་ནས་བོད་རིགས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་དང་དེང་རབས་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་ཐེབས་ངེས་རེད།