འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་24ཉིན།

༄༅༎བོད་རིགས་ས་ཁུལ་གྱི་རྣམ་པ་གསར་པ། “ཁོར་ཡུག་གསར་བརྗེ”བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་24ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ● བཟང་བློས།
     “སྔོན་ཆད་འགྲོ་ལམ་མཁྲེགས་པོ་མིན་པ་དང་གྱང་ངོས་ལྕི་བས་ཁེངས་པ། གང་སར་འདམ་རྫབ་དང་གད་སྙིགས་ཀྱིས་ཁེངས་ཡོད”
     ● དོན་ནོར་གྱིས།
     “ཆུ་འཁོལ་ཡོད་པ་དང་གསང་སྤྱོད་ཆུས་འཁྲུ་ཆོག་པས་གྲོང་ཁྱེར་བ་དང་གཅིག་མཚུངས་རེད་འདུག”
     ● གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ནོར་བུ་རྒྱལ་གྱིས།
     འདི་ལོ་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་ལས་ཡུལ་སྐོར་ཡོང་འབབ་ཁོ་ན་སྒོར་ཁྲི་200ལྷག་ཙམ་ཟིན་བཟོ་འདུག་ཅེས་ངོ་སྤྲོད་བྱས།
     ● ཀྲོའུ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་126བཏང་ནས་གསར་བརྗེའི་ཡུལ་སྐོར་རྣམ་པ་དང་། སྣོད་བཅུད་ཉམས་ལེན་རྣམ་པ། སོས་དལ་སྤྲོ་གསེང་རྣམ་པ། དམངས་སྲོལ་རིག་གནས་རྣམ་པ། ཁྱད་ལྡན་ཐོན་ལས་རྣམ་པ་བཅས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་1303བསྐྲུན་ནས་ཞིང་འབྲོག་གྲོང་ཚོ་འཕེལ་རྒྱས་འགྲོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ།
     ●2016ལོར་ཀན་ལྷོ་ཀྲོའུ་རུ་ཡུལ་སྐོར་བ་མི་ཐེངས་ཁྲི་1000ལས་ཚད་བརྒལ་བྱུང་བ། ཡོང་འབབ་སྒོར་དུང་ཕྱུར་46.78བྱུང་ཡོད།
     ● 2018ལོར་ཀན་ལྷོ་ཀྲོའུ་ཡི་ཡུལ་སྐོར་བའི་མི་གྲངས་དང་ཡུལ་སྐོར་ཡོང་འབབ་རྒྱུན་མཐུད་འཕར་བ་དང་ཡོང་འབབ་སྒོར་དུང་ཕྱུར་57.04ཟིན་པ།
     “ཁོར་ཡུག་གསར་བརྗེ”བྱས་ཏེ་བོད་རིགས་ས་ཁུལ་གྱི“བདེ་སྐྱིད་ཚོར་སེམས”ཟབ་ཏུ་བཏང་བ།
     སྟོན་དུས་ཀྱི་ཉི་འོད་འོག་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོས་གྲོང་ཁྱེར་བྲག་དམར་མར་གྲོང་ཚོ་ནི་ཞིབ་ཚགས་ངང་བསྐྲུན་པའི་སྤྱི་གླིང་ཞིག་དང་འདྲ་བར་ཐང་ཆེན་དང་། ཁྱམས་ལམ། བསིལ་ཁང་བཅས་ཐོག་དམར་གྱང་དཀར་གྱི་ཞིང་ཁྱིམ་སྒོ་ར་རེ་རེ་དང་སྦྲེལ་ཞིང་། སོ་ཕག་སྔོན་པོ་བཏིངས་པའི་གྲོང་ཚོའི་ལམ་ཆུང་དེ་དག་བཀྲུས་མ་ཐག་པ་ལྟར་གཙང་སྦྲ་དོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་སྐབས། སྣོད་བཅུད་བཟང་པོ་གྲོང་གསེབ་དར་རྒྱས་ཀྱི་འདེགས་སྐྱོར་དུ་འགྱུར་བར་བྱེད་དགོས་ཞེས་བསྟན་གནང་བ་རེད། 2015ལོ་ནས་བཟུང་། ཀན་ལྷོ་ཀྲོའུ་རུ“ཁོར་ཡུག་གསར་བརྗེ”བྱེད་འགོ་ཚུགས་ཚུན། ས་ཁོངས་ཧྲིལ་པོའི་ཁོར་ཡུག་བཅོས་སྒྲིག་དམ་འཛིན་བྱ་གཞིར་བྱས་ཏེ་ཐོན་སྐྱེད་རྣམ་པ་ཕྱོགས་སྒྱུར་གྱི་ཕུགས་ཕན་ལམ་བུ་བཙལ་ནས་སྣོད་བཅུད་རིམ་སྤོར་ལ་སྐུལ་འདེད་བཏང་བ་རེད།
     “སྔོན་ཆད་འགྲོ་ལམ་མཁྲེགས་པོ་མིན་པ་དང་གྱང་ངོས་ལྕི་བས་ཁེངས་པ། གང་སར་འདམ་རྫབ་དང་གད་སྙིགས་ཀྱིས་ཁེངས་ཡོད”ཅེས་བཟང་བློས་དྲན་གསོ་བྱེད་བཞིན་བཤད་པ་དང་། “ཆར་པ་འབབ་རིམ་བཞིན་འདམ་རྫབ་ཁྲོད་ལྷམ་ལུས་ཀྱི་ཡོད”ཅེས་བྲག་དམར་མར་གྲོང་ཚོའི་གྲོང་མི་བཟང་བློས་ལོ་ཤས་རིང་གི་གྲོང་ཚོའི་འགྱུར་ལྡོག་ཆེན་པོར་བདེན་དཔང་བྱེད་པ་དང་འདྲ་པར་རྙིང་པ་བཏོན་ནས་བསྡུར་བ་བྱེད་གིན་མྱོང་ཚོར་ཆེན་པོས་བཤད།
     ཀླུ་ཆུ་རྫོང་ཨ་ལ་ཤང་ཐད་མདོ་གྲོང་ཚོའི་གྲོང་མི་དོན་ནོར་གྱི་མྱོང་ཚོར་ཟབ་ཤོས་ནི་མི་ཕྱུགས་ལོགས་དབྱེ་དང་གསང་སྤྱོད་དང་འཁྲུད་ཁང་ཡོད་པ་དེ་ཡིན་ཞིང་། དེ་ལས་ཁོང་ལ་དེང་དུས་ཀྱི་འཚོ་བ་སྐྱེལ་བའི་མྱོང་ཚོར་བྱུང་ཡོད། “ཆུ་འཁོལ་ཡོད་པ་དང་གསང་སྤྱོད་ཆུས་འཁྲུ་ཆོག་པས་གྲོང་ཁྱེར་བ་དང་གཅིག་མཚུངས་རེད་འདུག”ཅེས་བཤད།
     ཀན་ལྷོ་ཀྲོའུ་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་འབྲེལ་མཚམས་སུ་གནས་པ་དང་། ནུབ་རྒྱུད་རང་བྱུང་གི་ཡིད་དབང་འཕྲོག་ཤུགས་ཆེ་ཤོས་ལྡན་པའི་ས་ཁུལ་གྱི་གྲས་ཤིག་རེད། འོན་ཀྱང་དུས་ཡུན་རིང་པོའི་ནང་ཞིང་འབྲོག་ཁུལ་གྱི་བཙོག་ཟིང་ཞན་གསུམ་གྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད་ཅིང་། རྩྭ་ཐང་དང་། འགྲོ་ལམ། ཆུ་ཡུར་བཅས་སུ་གད་སྙིགས་ཀྱིས་ཁེངས་པ་དང“མི་ཕྱུགས་མཉམ་སྡོད་དང་ཁྱིམ་གྱི་ཕྱི་ནང་གང་སར་འདམ་རྫབ་ཀྱིས་ཁེངས་ཡོད” མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་ཁྱིམ་ཚང་ཕྱུག་པོ་ཆགས་མོད། འོན་ཀྱང་འཚོ་བའི་ཐད་འགྱུར་ལྡོག་དེ་ཙམ་ཕྱིན་མེད་ལ་བདེ་སྐྱིད་ཚོར་སེམས་ཀྱང་དེ་ཙམ་མེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པའི་མཛུབ་ཁྲིད་འོག ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་2015ལོ་ནས་བཟུང“ཁོར་ཡུག་གསར་བརྗེ”ཀྲོའུ་ཡོངས་ཀྱི་ལས་དོན་གྱི་དམ་འཛིན་བྱ་གཞི་གཙོ་བོར་བརྩིས་ཏེ“ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པ”དམིགས་ཚད་དུ་བྱས་ནས་ཚད་གཞི་ཁག་བཅུ་ལྷག་ཙམ་བཟོས་ཏེ་རྩྭ་ཐང་དང་འགྲོ་ལམ་ནས་ཐབ་དང་ཉལ་ཁྲི་བར་བཅོས་སྒྲིག་བྱས་པ་རེད།
     ལོ་ཤས་འདས་རྗེས། ད་ལྟའི་ཀན་ལྷོའི་རྩྭ་ཐང་དུ་ཧ་ལམ་གད་སྙིགས་མཐོང་རྒྱུ་མེད་པ་དང་རི་ཀླུང་གང་སར་སྔོ་ཐིང་ཐིང་གི་རྩྭ་ཐང་གི་དྲི་ཞིམ་འཐུལ་བཞིན་ཡོད། ཡུལ་སྐོར་བ་དེ་གར་སླེབས་སྐབས་གཙང་སྦྲ་དོད་པོ་འདུག་ཅེས་བསྔགས་བརྗོད་བྱེད་པ་དང་འབྲོག་པའི་ཁྱིམ་དུའང་གཙང་སྦྲ་དོད་ཅིང་། མང་ཚོགས་ཀྱིས“ས་སྟེང་དུ་བལ་རྐང་གཅིག་ཟགས་ཀྱང་སྒྲུག་གི་ཡོད”ཅེས་བཤད་པ་ལྟར་རོ།
     “ཁོར་ཡུག་གསར་བརྗེ”བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བ།
     ལན་ཀྲོའུ་ནས་རྡོག་ཐོན་བྱས་ཏེ་ལན་ལྷ་མྱུར་བགྲོད་གཞུང་ལམ་བརྒྱུད་ཀན་ལྷོ་ཀྲོའུ་རུ་འབྱོར་རྗེས་ཀྱི་གྲོང་ཚོ་དང་པོ་ནི་ཞོལ་བ་གྲོང་ཚོ་རེད།
     ཞོལ་བ་གྲོང་ཚོར་མི་300ལྷག་ཙམ་ཡོད་པ་ལས། 80%བོད་རིགས་ཡིན་པ་དང་20%ཧུད་རིགས་དང་རྒྱ་རིགས་རེད། མི་ཚེ་ཕྱེད་ཀ་ཙམ་ལུག་འཚོས་པའི་གྲོང་མི་ཚེ་རྡོར་གྱིས་འབྲོག་པའི་སྤྲོ་སྐྱིད་ཁང་ཞིག་བཙུགས་པ་དང་དེ་སྔའི་དུད་ཚང་དབུལ་པོ་དེར་ད་ཆ་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་སླེབས་ཤིང་། ཉིན་གང་བྲེལ་བརྩོན་གྱིས་ཁེངས་པའི་ཁོང་གི་ཤ་རྩི་ནག་པའི་ངོ་གདོང་ལས་སྔར་བཞིན་འཛུམ་མདངས་འཕྱུར།
     གྲོང་ཚོའི་རྒྱབ་ངོས་ཀྱི་ཉི་འོད་རི་བོ་མེད་ན་ཚེ་རྡོར་ལ་འབབ་འཕར་ཡོང་ཐབས་བྲལ། དེ་ཡང་རི་བོ་སྔོ་ཐིང་ངེར་གནས་པ་དང་ཟམ་པ་འཕྲེད་བརྒལ་དུ་བསྐྲུན་ཅིང་། རི་སྟེང་ནས་བབས་པའི་དྭངས་གཙང་ཆུ་མོ་གྲོང་ཚོ་བརྒྱུད་དེ་ཤར་རེར་རྒྱུག གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ནོར་བུ་རྒྱལ་གྱིས་འདི་ལོ་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་ལས། ཡུལ་སྐོར་ཡོང་འབབ་ཁོ་ནས་སྒོར་ཁྲི་200ལྷག་ཙམ་ཟིན་བཟོ་འདུག་ཅེས་ངོ་སྤྲོད་བྱས།
     རྒྱལ་ཡོངས་ཀྱི་སྣོད་བཅུད་སྲུང་ཡོལ་ཀན་ལྷོའི་ས་ཁོངས་ཀྱི་90%ཡན་གསར་སྤེལ་ཚོད་འཛིན་ཁུལ་ལམ་ཡང་ན་གསར་སྤེལ་གཏན་འགོག་ཁུལ་ཡིན་པ་དང་། ས་ཁོངས་ཧྲིལ་པོ་སྣོད་བཅུད་ཉམས་ཞན་ཁུལ་དང་། གནོད་འཚེ་ཡང་ཡང་ཐོན་ཁུལ། ཡུག་སྦྲེལ་དབུལ་ཕོངས་ཁུལ་བཅས་ཀྱི་ཁོངས་སུ་གཏོགས་པས། སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འགལ་ཟླ་ཧ་ཅང་མངོན་གསལ་དོད།
     དུས་མཚུངས་ལོ་མང་གི་འཕེལ་རྒྱས་བརྒྱུད། རྩྭ་ཐང་དང་རི་བོའི་ཐོན་ཁུངས་ཀྱིས་མི་འདང་བ་དང་། སྲོལ་རྒྱུན་གྱི་འབྲོག་ལས་མུ་མཐུད་སྤེལ་དཀའ་བར་གྱུར་ཡོད། ཕྱོགས་གཞན་ཞིག་ནས་ཡུལ་སྐོར་ཐོན་ཁུངས་མཛེས་སྡུག་ལྡན་ཡང་ལེགས་ཆ་མི་མངོན་པ་དང་། ཁོར་ཡུག་བཙོག་ལ་ཟང་ཟིང་ཆེ་བ། ཡུལ་སྐོར་བ་ཟ་སྡོད་ལ་མི་གོམས་པ་བཅས་ཀྱིས་ཕྱོགས་སྒྱུར་འཕེལ་རྒྱས་ཡོང་བར་འཇུར་མིག་ཚད་བརྒལ་བྱེད་དགོས་ཀྱི་ཡོད།
     ད་ལྟའི་གནས་བབ་མདུན་དུ་ཀན་ལྷོ་ཀྲོའུ་ཡིས་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་ཏེ“ཁོར་ཡུག་གསར་བརྗེ”བྱེད་པ་དང་དུས་མཚུངས“སྣོད་བཅུད་སྡོད་མལ་དང་། སྣོད་བཅུད་དཔལ་འབྱོར། སྣོད་བཅུད་ཁོར་ཡུག སྣོད་བཅུད་རིག་གནས”བཅས་འདུ་འགོད་ཆེན་པོ་བཞི་ལྟེ་བར་བྱས་པའི་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་བསྐྲུན་ཡོད། མིག་སྔའི་བར་ཀྲོའུ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་126བཏང་ནས་གསར་བརྗེའི་ཡུལ་སྐོར་རྣམ་པ་དང་། སྣོད་བཅུད་ཉམས་ལེན་རྣམ་པ། སོས་དལ་སྤྲོ་གསེང་རྣམ་པ། དམངས་སྲོལ་རིག་གནས་རྣམ་པ། ཁྱད་ལྡན་ཐོན་ལས་རྣམ་པ་བཅས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་1303བསྐྲུན་ནས། ཞིང་འབྲོག་གྲོང་ཚོ་འཕེལ་རྒྱས་འགྲོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་རེད།
     ཁོར་ཡུག་འགྱུར་ལྡོག་བཏང་ནས་བདེ་སྐྱིད་དོན་གཉེར་ལ་སྐུལ་སྤེལ་བྱས་པ།
     ཀན་ལྷོ་ཀྲོའུ་ཡིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི་ཞིང་འབྲོག་གྲོང་ཚོའི་ཕྱོགས་བསྡུས་འཕེལ་རྒྱས་ལེགས་གཏོང་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་འབྱུང་ཁུངས་སུ་བརྩིས་པས། དངོས་པོའི་དཔལ་ཡོན་ནས་བསམ་པའི་དཔལ་ཡོན་བར་འགྱུར་ལྡོག་མང་པོ་བྱུང་སྟེ། རྒྱུན་སྲིང་འཕེལ་རྒྱས་ཀྱི་སྣོད་བཅུད་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཇེ་ཡངས་སུ་འགྲོ་བཞིན་ཡོད།
     ཀན་ལྷོ་ཀྲོའུ་ཀླུ་ཆུ་རྫོང་ཀ་ཤུལ་གྲོང་ཚོ་ནི་ལོ་ཤས་གོང་དུ་ཟང་ཟིང་གི་རྩྭ་ཐང་གནས་སྡོད་ཁུལ་ཞིག་རེད། ན་ནིང་ནས་བཟུང་གྲོང་ཚོ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱས་ནས་ཀན་སུའུ་ཞིང་ཆེན་གྱི་ཡུལ་སྐོར་དཔེ་སྟོན་གྲོང་ཚོར་གྱུར་པ་དང་། གྲོང་ཚོའི་དུད་ཚང་391ལས་དུད་ཚང་65ཡིས་བོད་ཁྱིམ་སྤྲོ་སྐྱིད་ཁང་དང་འབྲོག་པའི་སྤྲོ་སྐྱིད་ཁང་བཙུགས་པར། ལོ་དེར་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་320བྱུང་ཡོད། ན་ནིང་ལོ་སྨད་དུ་གྲོང་ཚོར་བསྐྲུན་པའི་ཡུལ་སྐོར་ལེ་ལག་ཚང་བའི་སྒྲིག་བཀོད་ཆེ་གྲས“གསེར་ཐང་སྦྲ་གུར་གྲོང”འཁོར་རྒྱུག་བྱས་ཏེ་ཡུལ་སྐོར་ལས་དོན་ཁང་གཉིས་མ་རྐང་ལ་ཞུགས་པ་དང་། འདི་ལོ་སྔོན་དཔག་བྱས་ན་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་800ལྷག་ཙམ་ཟིན་རྒྱུ་རེད།
     2016ལོར་ཀན་ལྷོ་ཀྲོའུ་རུ་ཡུལ་སྐོར་བ་མི་ཐེངས་ཁྲི་1000ལས་ཚད་བརྒལ་བྱུང་བ་དེ་དུས་མཚུངས་ལས་30.27%འཕར་བ་དང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་46.78བྱུང་ཡོད། 2018ལོར་ཀན་ལྷོ་ཀྲོའུ་ཡི་ཡུལ་སྐོར་བའི་མི་གྲངས་དང་ཡུལ་སྐོར་ཡོང་འབབ་རྒྱུན་མཐུད་འཕར་བ་དང་། ལོ་འཁོར་མོར་ཡུལ་སྐོར་བ་མི་ཐེངས་ཁྲི་1217.2ལ་སྣེ་ལེན་ཞུས་པར། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་57.04ཟིན་པ་དེ་ལོ་གོང་མ་ལས་13.6%འཕར་བ་རེད།
     གྲོང་གསེབ་དར་རྒྱས་ཀྱི་རྒྱབ་ལྗོངས་འོག་སྣོད་བཅུད་འཕེལ་རྒྱས་གཏོང་རྒྱུ་ཆུ་ཚད་མཐོ་བའི་སྟོབས་ཤུགས་ཤིག་ཏུ་གྱུར་ནས། བོད་རིགས་ས་ཁུལ་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བ་དོན་གཉེར་བྱེད་པའི་སྒུལ་ཤུགས་ཟམ་མི་ཆད་པར་འཕེལ་བཞིན་མཆིས།