འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་21ཉིན།

༄༅༎དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་ཆུ་རྐྱལ་འགྲན་བསྡུར་གྱི་ཉིན་གཉིས་པར་ཀྲུང་གོའི་རུ་ཁག་གིས་སླར་ཡང་གསེར་གྱི་རྟགས་མ་6བླངས་པ་དང་འགྲན་ཚོགས་ཀྱི་ཟིན་ཐོ་3གཏོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་21ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཆུ་རྐྱལ་འགྲན་བསྡུར་གྱི་ཉིན་དང་པོར་གསེར་གྱི་རྟགས་མ་6བླངས་པ་དང་འགྲན་ཚོགས་ཀྱི་རྣམ་གྲངས་4ཡི་ཟིན་ཐོ་གཏོད་རྗེས་ཀྲུང་གོའི་རུ་ཁག་གིས་ཚེས་20ཉིན་དམག་དོན་ལུས་རྩལ་འགྲན་ཚོགས་ཀྱི་ཆུ་རྐྱལ་འགྲན་བསྡུར་གྱི་ཉིན་གཉིས་པའི་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་8ཀྱི་ནང་ནས་6བླངས་པ་དང་འབྲེལ་འགྲན་ཚོགས་ཀྱི་ཟིན་ཐོ་3གཏོད་པ་རེད།
     ཉིན་དེའི་ཆུ་རྐྱལ་འགྲན་བསྡུར་ཁང་དུ་སྐྱེས་པའི་མི་སྒེར་གྱི་སྨི་200ཡི་ཆུ་རྐྱལ་མཉམ་འབྲེལ་འགྲན་བསྡུར་དང་། བུད་མེད་ཀྱི་སྨི་200ཡི་རང་མོས་ཆུ་རྐྱལ་འགྲན་བསྡུར། སྐྱེས་པའི་སྨི་50ཡི་ཕྱེ་ལེབ་ཆུ་རྐྱལ་འགྲན་བསྡུར། བུད་མེད་ཀྱི་སྨི་100ཡི་ཕྱེ་ལེབ་ཆུ་རྐྱལ་འགྲན་བསྡུར། སྐྱེས་པའི་སྨི་800ཡི་རང་མོས་ཆུ་རྐྱལ་འགྲན་བསྡུར། བུད་མེད་ཀྱི་སྨི་50ཡི་སྦལ་རྐྱལ་འགྲན་བསྡུར། སྐྱེས་པའི་སྨི་4X100ཡི་རང་མོས་ཆུ་རྐྱལ་གྱི་མཐུད་རྒྱུག་འགྲན་བསྡུར། བུད་མེད་ཀྱི་སྨི་4X100ཡི་རང་མོས་ཆུ་རྐྱལ་གྱི་མཐུད་རྒྱུག་འགྲན་བསྡུར་སོགས་རྣམ་གྲངས་8ཀྱི་མཐའ་བསྡུར་བྱས་པ་རེད།
     སྐབས་འདིའི་དམག་མིའི་ལུས་རྩལ་འགྲན་ཚོགས་ཐོག་གསར་དུ་བཙུགས་པའི་སྐྱེས་པའི་སྨི་800ཡི་རང་མོས་ཆུ་རྐྱལ་ཁྲོད་ཅི་ཤིན་ཅེ་ཡིས་སྐར་མ་7དང་སྐར་ཆ་53དང་སྐར་ཆུང་65ཡི་གྲུབ་འབྲས་ལ་བརྟེན་ནས་ཨང་དང་པོ་བླངས་པ་དང་། སྐྱེས་པའི་སྨི་200ཡི་མི་སྒེར་གྱི་ཆུ་རྐྱལ་མཉམ་འབྲེལ་འགྲན་བསྡུར་ཁྲོད་ཝང་ཧྲུན་གྱིས་ཚེས་19ཉིན་གྱི་དཔའ་ཉམས་མུ་མཐུད་རྒྱུན་འཁྱོངས་བྱས་ནས་སྐར་མ་1དང་སྐར་ཆ་56དང་སྐར་ཆུང་25ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་མ་ཟད། འགྲན་ཚོགས་ཀྱི་ཟིན་ཐོ་གཏོད་པ་རེད། ཁོང་གི་རུ་གྲོགས་ཆིང་ཧེ་དབྱང་ལ་ཨང་གཉིས་པ་ཐོབ་པ་རེད།
     བུད་མེད་ཀྱི་སྨི་4X100ཡི་རང་མོས་ཆུ་རྐྱལ་གྱི་མཐུད་རྒྱུག་འགྲན་བསྡུར་ཁྲོད། ཀྲུང་གོའི་རུ་ཁག་གིས་ཀྲུའུ་མེང་ཧུའེ་དང་། ཝང་ཅན་ཅ་ཧོ། ཀྲང་ཡུས་ཧྥང་། དབྱང་ཅུན་ཞོན་བཅས་འགྲན་བསྡུར་ནང་མངགས་པས་ཁོང་ཚོས་སྐར་མ་3དང་སྐར་ཆ་39དང་སྐར་ཆུང་57གྱི་གྲུབ་འབྲས་ལས་གསེར་གྱི་རྟགས་མ་བླངས་པ་དང་དུས་མཚུངས་འགྲན་ཚོགས་ཀྱི་ཟིན་ཐོ་གཏོད་པ་རེད། བུད་མེད་ཀྱི་སྨི་200ཡི་རང་མོས་ཆུ་རྐྱལ་ཁྲོད་དབྱང་ཅུན་ཞོན་ལ་གསེར་གྱི་རྟགས་མ་ཐོབ་པ་མ་ཟད་འགྲན་ཚོགས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཀྲང་ཡུས་ཧྥང་གིས་བུད་མེད་ཀྱི་སྨི་100ཡི་ཕྱེ་ལེབ་ཆུ་རྐྱལ་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་དང་། སོ་རན་གྱིས་བུད་མེད་ཀྱི་སྨི་50ཡི་སྦལ་རྐྱལ་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་བླངས་པ་རེད།
     གཞན་ཡང་སྐྱེས་པའི་སྨི་50ཡི་ཕྱེ་ལེབ་ཆུ་རྐྱལ་འགྲན་བསྡུར་ཁྲོད་ཨུ་རུ་སུའི་བདམས་ཐོན་པས་གསེར་གྱི་རྟགས་མ་བླངས་ཡོད། པར་ཙིར་རུ་ཁག་གིས་སྐྱེས་པའི་སྨི་4X100ཡི་རང་མོས་ཆུ་རྐྱལ་གྱི་མཐུད་རྒྱུག་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དང་། ཀྲུང་གོའི་རུ་ཁག་ལ་ཨང་གཉིས་པ་ཐོབ་ཡོད།