འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་21ཉིན།

༄༅།།ཀྲུང་གོ་དང་ཕྱོགས་ཡོངས་ནས་མཉམ་ལས་བྱས་པས་སོ་ལོ་མོན་གླིང་ཚོམ་ལ་ཕན་པ་ཐོབ་པ།

—— སོ་ལོ་མོན་གླིང་ཚོམ་གྱི་གཏེར་ལས་དང་། ནུས་རྒྱུ། གློག་ཤུགས་ཅན་གྱི་པུའུ་ཀྲང་པུའུ་ལ་ཏེ་ལི·ཐུའོ་ཝོ་ཤིས་ཡར་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་21ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། དབྱང་ཅིང་ཀྲུང་དང་ཀོ་དབྱང་གིས།
     ཐུའོ་ཝོ་ཤིས་ཡ་ཡིས། སོ་ལོ་མོན་གླིང་ཚོམ་གྱིས་ཁྱིམ་མཚེས་རྒྱལ་ཁབ་དང་ཀྲུང་གོར་མཉམ་ལས་གང་ལེགས་བྱས་པ་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”གི་ལག་ལེན་ཁྲོད་ནས་རེ་བ་མཐོང་བས། ཀྲུང་གོ་དང་གཉིས་ཁེ་གཉིས་ཕན་དང་མཉམ་དུ་མདུན་སྐྱོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།
     སོ་ལོ་མོན་གླིང་ཚོམ་གྱི་གཏེར་ལས་དང་། ནུས་རྒྱུ། གློག་ཤུགས་ཅན་གྱི་པུའུ་ཀྲང་པུའུ་ལ་ཏེ་ལི·ཐུའོ་ཝོ་ཤིས་ཡས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པ་དེས་སོ་ལོ་མོན་གླིང་ཚོམ་ལ་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་བྱུང་ཡོད། ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་ཏུ་ཕྱོགས་ཡོངས་ནས་གཉིས་ཕན་མཉམ་ལས་བྱས་ན་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ལ་ཕན་པ་ཆེན་པོ་ཐོབ་རྒྱུ་རེད་ཅེས་བརྗོད་པ་རེད།
     ཐུའོ་ཝོ་ཤིས་ཡས་སོ་ལོ་མོན་གླིང་ཚོམ་གྱི་རྒྱལ་ས་ཧོ་ནི་ཡ་ལར་ཡོད་པའི་གཞུང་དོན་ཁང་དུ་སྲིད་གཞུང་གི་པུའུ་ཀྲང་ཡིན་པའི་ཆ་ནས། ངས་ཀྲུང་གོ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་བཙུགས་ན་སོ་ལོ་མོན་གླིང་ཚོམ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུར་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
     ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་པའི་སོ་ལོ་མོན་གླིང་ཚོམ་ནི་མེ་ལཱ་ཉི་ཞི་ཡ་གླིང་ཚོམ་གྱི་ཁོངས་སུ་གཏོགས་ཤིང་། གླིང་ཚོམ་དེའི་ལྷོ་ནུབ་ཕྱོགས་ནས་ཨོ་སི་ཁྲུ་ལི་ཡའི་བར་སྤྱི་ལེ་1600དང་ནུབ་ཕྱོགས་ནས་ཕ་ཕུ་ཡ་ཀུའི་ནེ་ཡའི་བར་སྤྱི་ལེ་485ཡོད། ཤར་ལྷོའི་ཕྱོགས་ཝ་ནུའོ་ཨ་ཐུའུ་ཀེ་རྒྱ་མཚོ་ཁ་སྤྲོད་ཡིན་པ་རེད། ཐུའོ་ཝོ་ཤིས་ཡ་ཡིས་ས་ཁམས་ཐོག་ནས་སོ་ལོ་མོན་གླིང་ཚོམ་འདི་ཉིད་ས་ཁུལ་འདིའི་ལྟེ་བ་ཡིན་ཡང་། སོ་ལོ་མོན་གླིང་ཚོམ་གྱི་དཔལ་འབྱོར་དུས་ཡུན་རིང་པོ་འཕེལ་རྒྱས་བྱུང་མེད་ཅེས་བརྗོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། སོ་ལོ་མོན་གླིང་ཚོམ་གྱི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་མ་ཟད་ཁོར་ཡུག་ཀྱང་ཧ་ཅང་མཛེས་པ་དང་། ནགས་ལས་དང་། ཉ་ལས། གཏེར་ལས་བཅས་ནི་རྒྱལ་ཁབ་དེའི་ཀ་རྟེན་ཐོན་ལས་ཡིན་པ་རེད། ཐུའོ་ཝོ་ཤིས་ཡ་ཡིས། འདི་དག་ནི་མ་འཇོག་མཁན་ལ་མཚོན་ན་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པ་ཞིག་ཡིན་པས་སོ་ལོ་མོན་གླིང་ཚོམ་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།
     ཐུའོ་ཝོ་ཤིས་ཡ་ཡིས། སོ་ལོ་མོན་གླིང་ཚོམ་གྱིས་ཁྱིམ་མཚེས་རྒྱལ་ཁབ་དང་ཀྲུང་གོར་མཉམ་ལས་གང་ལེགས་བྱེད་པ་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”གི་ལག་ལེན་ཁྲོད་ནས་རེ་བ་མཐོང་བས། ཀྲུང་གོ་དང་གཉིས་ཁེ་གཉིས་ཕན་དང་མཉམ་དུ་མདུན་སྐྱོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
     ཁོང་གིས། སོ་ལོ་མོན་གླིང་ཚོམ་དང་ཀྲུང་གོའི་དབར་དངོས་གཞིའི་ཕྱི་འབྲེལ་བཙུགས་རྗེས་ཕྱོགས་གཉིས་པོས་ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་བྱ་རྒྱུ་ཡིན་པ་མ་ཟད། ད་དུང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གཏེར་ལས། ཉ་ལས། ནགས་ལས། སློབ་གསོ་བཅས་དང་དེ་བཞིན་ཡུལ་སྐོར་ལས་རིགས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གོ་སྐབས་འཚོལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     “ཀྲུང་གོའི་འཕེལ་རྒྱས་གཏོང་སྟངས་དང་ལས་དོན་སྒྲུབ་སྟངས་ལ་རྒྱལ་ཁབ་ཁག་གི་ཁས་ལེན་དང་གདེང་འཇོག་ཡག་པོ་སྔར་ལས་མང་བ་ཐོབ་ཡོད། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་ནས། བརྟན་ལ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པས་དེས་འཛམ་གླིང་ཐོག་གི་རྒྱལ་ཁབ་ཁག་ལ་ཁེ་ཕན་ཐོབ་ཀྱི་ཡོད”ཅེས་ཐུའོ་ཝོ་ཤིས་ཡ་ཡིས་བརྗོད་པ་རེད།