འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅།།ཀྲུང་གོ་དང་རྒྱ་གར་རམ་ཀྲུང་གོ་དང་ནེ་པ་ལའི་གཉིས་ཁེ་མཉམ་ལས་སྔར་ལས་ལྷག

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།
ཟླ་10ཚེས་11ཉིན་ནས་13ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་མཇལ་འཛོམས་ཐེངས་གཉིས་པར་ཞུགས་པ་དང་། ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་ཞིང་། ཀྲུང་གོ་དང་། རྒྱ་གར། ནེ་པ་ལ་བཅས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ལས་རིགས་ཁག་གི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་ཨེ་ཤེ་ཡ་ལྷོ་མར་ཕེབས་པའི་ནང་དོན་ཕུན་སུམ་ཚོགས་ཤིང་གྲུབ་འབྲས་ཀྱང་གཡུར་དུ་ཟ་བས། ཀྲུང་གོ་དང་། རྒྱ་གར ནེ་པ་ལའི་དབར་གྱི་འབྲེལ་བར་སྒུལ་ཤུགས་གསར་པ་བསྣན་ཅིང་། ཀྲུང་གོ་དང་རྒྱ་གར་རམ་ཀྲུང་གོ་དང་ནེ་པ་ལའི་གཉིས་ཁེ་མཉམ་ལས་སྔར་བས་ལྷག་པ་ཡོང་བར་ཕན་པ་ཡོད་ལ། ས་ཁུལ་གྱི་ཐུན་མོང་འཕེལ་རྒྱས་ལ་ཡང་སྐུལ་མ་ཐེབས་སྲིད་པའི་ངོས་འཛིན་བྱས་པ་རེད།
     འཐབ་ཇུས་ཀྱིས་འབྱུང་འགྱུར་གྱི་ཁ་ཕྱོགས་ལ་སྣེ་ཁྲིད་དང་འཆར་འགོད་བྱེད་པ།
     མཐོ་རིམ་གྱི་འཐབ་ཇུས་སྣེ་ཁྲིད་ཀྱིས་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཐུབ། ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་ལྷོ་མར་འཚམས་འདྲི་གནང་ནས། རྒྱ་གར་དང་ནེ་པ་ལའི་འགོ་ཁྲིད་མི་སྣ་དང་མཉམ་དུ་ཀྲུང་གོ་དང་རྒྱ་གར་རམ་ཀྲུང་གོ་དང་ནེ་པ་ལའི་དབར་གྱི་འབྲེལ་བར་འབྱུང་འགྱུར་གྱི་ཁ་ཕྱོགས་གཏན་འཁེལ་བྱས་ཏེ། ཕྱོགས་གཉིས་པོའི་འབྲེལ་བ་ཡུན་རིང་འཕེལ་རྒྱས་ལ་སྣེ་ཁྲིད་དང་འཆར་འགོད་གནང་བ་རེད།
     རྒྱ་གར་གྱི་ཅིན་ནའེ་རུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་ན་ནིང་ཟླ་4པར་ཝུའུ་ཧན་དུ་མཇལ་འཛོམས་གནང་རྗེས་ཀྱི་དངོས་གཞི་མིན་པའི་མཇལ་འཛོམས་ཐེངས་གཉིས་པ་གནང་ནས། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གཏན་འཁེལ་མཛད་དེ་ཀྲུང་གོ་དང་རྒྱ་གར་གྱི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་སོང་ཡོད་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་གཉིས་དང་ཤེས་དཔལ་གྱིས་ཕྱུག་པའི་གནའ་བོའི་རྒྱལ་ཁབ་ཆེ་གྲས་གཉིས་ཀྱི་མཉམ་གནས་གཉིས་ཁེའི་ལམ་བུའང་རྒྱ་སྐྱེད་བཏང་ཡོད།
     ནེ་པ་ལར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་པན་ཏ་ལི་དང་། ཙུང་ལི་ཨའོ་ལི། ནེ་པ་ལ་གུང་ཁྲན་ཏང་མཉམ་འབྲེལ་ཀྲུའུ་ཞི་ཕུའུ་ལ་ཁྲང་ཏ། ནེ་པ་ལའི་ཚོགས་ཆེན་ཏང་གི་ཀྲུའུ་ཞི་ཏེ་ཝུའུ་ཕ་སོགས་ནེ་པ་ལ་ཕྱོགས་ཀྱི་འགོ་ཁྲིད་མི་སྣ་དང་མཇལ་འཛོམས་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོར་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་བྱུང་ནས་ཀྲུང་ནེས་འཕེལ་རྒྱས་དང་དར་རྒྱས་ལ་ཁ་ཕྱོགས་པའི་མི་རབས་ནས་མི་རབས་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་པའི་ཐག་བཅད་པ་རེད།
     གཉིས་ཁེ་མཉམ་ལས་སྔར་ལས་ལྷག་པ་ཡོང་བར་སྐུལ་འདེད་གཏོང་བ།
     ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་རྒྱ་གར་གྱི་འགོ་ཁྲིད་མི་སྣ་དང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་དང་རྒྱ་ཆེར་གཏོང་བ་དང་། ནེ་པ་ལའི་འགོ་ཁྲིད་མི་སྣ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་རྣམ་པ་སྐྲུན་པའི་ཐད་ངོས་འཛིན་གཅིག་མཐུན་གལ་ཆེན་རབ་དང་རིམ་པ་བྱུང་ནས་ས་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་མདུན་ལམ་གསར་པ་བཏོད་ཡོད།
     རྒྱ་གར་ཕྱིར་གཏོང་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ས་ལ་ཕུའུ་ཡིས། ཕྱོགས་གཉིས་པོའི་འགོ་ཁྲིད་མི་སྣས་མཇལ་འཛོམས་གནང་སྐབས། རྒྱལ་ཁབ་གཉིས་པོའི་དབར་གྱི་ཆབ་སྲིད་དང་རིག་གནས་ཀྱི་ཡུན་རིང་མཛའ་གྲོགས་ནན་བཤད་བྱས་པ་དང་འབྲེལ། བྱེད་ཐབས་སྤྱད་དེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དེས“ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད”ཀྱི་གྲོས་མོལ་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་ཅེས་བརྗོད་པ་རེད།
     རྒྱ་གར་གྱི་ལྟ་ཞིབ་མཁས་ཅན་ཐེབས་རྩ་ལྷན་ཚོགས་འབོམ་འབེལ་ཡན་ལག་མཐུན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་ཁུར་ཁ་ཉིས། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་གནད་དོན་ཐད་རྒྱལ་ཁབ་གཉིས་པོས་རང་ངོས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བཞིན་ཡོད་པ་ལས། ཀྲུང་གོ་དང་རྒྱ་གར་གྱིས་སླད་ཕྱིན་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་དང་། ནུས་རྒྱུའི་ཕན་ནུས། གློག་རྫས་ཀྱི་ལག་རྩལ། གློག་སྒུལ་རླངས་འཁོར། ཁོར་ཡུག་སྲུང་སྐྱོང་གི་བཟོ་སྐྲུན། སྤྱི་པའི་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཐད་མཉམ་ལས་རྒྱ་ཁྱབ་བྱེད་ཐུབ་པ་མཚོན་ཐུབ་ཅེས་བཤད་པ་རེད།
     ནེ་པ་ལར་ཀྲུང་གོ་དང་ནེ་པ་ལའི་འགོ་ཁྲིད་མི་སྣས་ཧི་མ་ལ་ཡ་བརྒལ་བའི་ལངས་གཟུགས་ཀྱི་མཉམ་འབྲེལ་མཉམ་མཐུད་ཀྱི་དྲ་རྒྱ་མགྱོགས་མྱུར་འཛུགས་པའི་གྲོས་ཐག་བཅད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོས་ཉོ་ཚོང་ཐད་མ་དངུལ་འཇོག་པ་དང་། གེགས་རྗེས་བསྐྱར་སྐྲུན། ནུས་རྒྱུ། ཡུལ་སྐོར་བཅས་ཁྱབ་ཁོངས་ཆེན་པོ་བཞིའི་མཉམ་ལས་ལ་གཙོ་གནད་ཤུགས་སྣོན་རྒྱག་དགོས་པ་བཏོན་ཡོད།
      རྒྱལ་སྤྱིའི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཞི་བདེ་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ།
     ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་མོ་ཏེ་མཇལ་འཛོམས་གནང་སྐབས། ས་ཁུལ་གྱི་དུས་བབ་ཐད་བཀའ་མོལ་གནང་སྟེ། ཕྱོགས་ཁག་གིས་སྐད་ཆ་བྱེད་པའི་རྣམ་པར་བརྟེན་ནས་མིག་སྔར་འཕྲད་པའི་གནད་དོན་ཐག་གཅོད་བྱེད་རྒྱུའི་སྐུལ་ལྕག་བྱས་ཡོད། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ཐད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་འབོ་གསེར་རྒྱལ་ཁབ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་གྱི་སྒྲོམ་གཞིའི་ནང་མཐུན་སྦྱོར་ལ་ཤུགས་སྣོན་དང་ཕྱོགས་མང་རིང་ལུགས་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས་ནས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པའི་ཐད་མོས་མཐུན་གནང་བ་རེད།
     ཉི་ཧེ་ལུའུ་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་སི་ཝ་ལན་ཤིན་ཀེས། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ལ་ས་ཁུལ་གྱི་རང་བཞིན་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཕྱོགས་མང་གི་གྲོས་འགོར་ལྟ་སྟངས་དང་བྱེད་སྟངས་འདྲ་མཚུངས་བྱུང་བས། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་དེ་བས་ནུས་པ་ལྡན་ཐུབ་ལ། རྒྱལ་སྤྱིའི་ཕྱོགས་མང་གི་གནས་བབ་ཐོག་དེ་བས་གོ་ཆོད་པའི་སྐད་ཆ་ཡང་ཤོད་ཐུབ་ཅེས་བརྗོད་པ་རེད།