འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་17ཉིན།

༄༅༎སི་ཁྲོན་གྱིས“ཁུལ་གསུམ་ཀྲོའུ་གཉིས”ཀྱི་གློག་དྲའི་རྨང་གཞིའི་ལས་གྲྭར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་17ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། སི་ཁྲོན་ཞིང་ཆེན་ལེང་ཧྲན་ཀྲོའུ་ལེ་པོ་རྫོང་དུ་གནས་པའི་ཧྲང་ཐེན་པ་རགས་ཆེན་གྱི་ཆན་ཧྥུའུ་35ཡི་གློག་སྒྱུར་གཏོང་རྒྱ་སྐྱེད་ལས་གྲྭ་ཚེས་14ཉིན་གྱི་ཐོ་རེངས་སུ་ཞིབ་བཤེར་རྩིས་ལེན་ཐོབ་ནས་བེད་སྤྱོད་བྱེད་འགོ་ཚུགས་ཤིང་། དེ་ནི་རྒྱལ་ཁབ་གློག་དྲས“ཁུལ་གསུམ་ཀྲོའུ་གཉིས”ཀྱི་གློག་དྲའི་རྨང་སྐྲུན་ལས་གྲྭའི་ནང་བཅུག་པའི་རྣམ་གྲངས་རེད། ལོ་འདིའི་ནང་སི་ཁྲོན་གྱིས་ད་དུང་རྣམ་གྲངས་55སྔ་ཕྱིར་བསྐྲུན་རྒྱུ་རེད།
     གསར་འགོད་པས་རྒྱལ་ཁབ་གློག་དྲ་སི་ཁྲོན་ཞིང་ཆེན་གློག་ཤུགས་ཀུང་སི་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། རྒྱལ་ཁབ་གློག་དྲས་སི་ཁྲོན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཆན་ཧྥུའུ་35དང་དེ་ཡན་གྱི་རྨང་སྐྲུན་རྣམ་གྲངས་80ད་ལོར་སྔོན་དཔག་ལྟར་ན་བསྐྲུན་རྒྱུ་རེད། མིག་སྔར་ལས་གྲྭ་དེ་དག་འགག་སྒྲོལ་གྱི་དུས་མཚམས་སུ་སླེབས་པ་དང་། སྔོན་དཔག་ལྟར་ན་ད་ལོའི་ཟླ་10པར་10དང་། ཟླ་11པར་26 ཟླ་12པར་19བཅས་བསྐྲུན་རྒྱུ་རེད།
     ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་ཤུགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་53.95གཏོང་རྒྱུའི་འཆར་འགོད་བྱས་ཏེ། སི་ཁྲོན་གྱི“ཁུལ་གསུམ་ཀྲོའུ་གཉིས”ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་གློག་སྤྱོད་ཆ་རྐྱེན་ལེགས་སུ་གཏོང་བར་སྤྱད་དེ། གྲོང་གསེབ་གློག་དྲའི་གློག་འདོན་སྤུས་ཚད་དང་གློག་བརྟན་པའི་རང་བཞིན་སྔར་བས་ཆེ་རུ་གཏོང་རྒྱུ་རེད། རྣམ་གྲངས་ལ་སྐུལ་སྤེལ་མགྱོགས་སུ་གཏོང་ཆེད། རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་ཤུགས་ཀྱིས་རྣམ་གྲངས་ཀྱི་ཆ་སྒྲིག་རོགས་སྐྱོར་གྱི་འགག་སྒྲོལ་ལམ་སྲོལ་བཙུགས་ཤིང་། ལེང་ཧྲན་དང་། དཀར་མཛེས། རྔ་པ་བཅས་ཀྱི་གློག་འདོན་ཀུང་སི་ཕུད། གཞན་ཡང་ཁྲེང་ཏུའུ་དང་། ཏ་ཀྲོའུ། ཀོང་ཡོན། པ་ཀྲུང་། ཕན་ཀྲི་ཧྭ་བཅས་ཀྱི་གློག་འདོན་ཀུང་སི་དང་འཛུགས་སྐྲུན་ལས་གྲྭའི་བློ་འདྲི་ཡན་ལག་ཀུང་སི་བཅས་འཛུགས་སྐྲུན་དོ་དམ་ཚན་པ་6བསྡུས་ནས་གློག་ཤུགས་དབུལ་སྐྱོར་གྱི་དཔུང་ཁག་ནང་ཞུགས་པ་རེད།