འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་15ཉིན།

༄༅།།ཝུ་ར་ཀུའེ་རུ“ཀྲུང་གོའི”མིང་བཏགས་པའི་སློབ་ཆུང་ཞིག

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་15ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཉི་རུའེ་ཅེ་དང་ཀུང་ཀྲེ་ཡིས།
    ཝུ་ར་ཀུའེ་ཡི་རྒྱལ་ས་མོང་ཐེ་ཝེ་ཏི་ཡའི་ཁ་ས་པ་ལེ་ཁུལ་དུ“ཀྲུང་གོའི”མིང་བཏགས་པའི་སློབ་ཆུང་ཞིག་ཡོད། སློབ་གྲྭས་དངོས་གཞིའི་བྱེད་སྒོ་སྤེལ་རིམ་བཞིན། ཚོས་གཞི་སྔོ་དཀར་སྤེལ་མའི་ཝུ་ར་ཀུའེ་ཡི་རྒྱལ་དར་དང་ཀྲུང་གོའི་སྐར་ལྔའི་དར་དམར་མཉམ་དུ་སྒྲེང་གི་ཡོད། འདི་ལོ་ཀྲུང་གོའི་རྒྱལ་སྟོན་རིང་སློབ་ཆུང་དེས་དར་ཆ་སྒྲེང་བའི་མཛད་སྒོ་གཉེར་བ་རེད།
    1999ལོར་བཙུགས་པའི་སློབ་ཆུང་དེའི་དེ་སྔའི་མིང་ལ“319སློབ་ཆུང”ཟེར་བ་དང་། སློབ་གྲྭའི་གནས་ཡུལ་ཁ་ས་པ་ལེ་ཁུལ་དུ་གནས་སྤོས་མི་སེར་དང་གྲོང་ཁྱེར་གྱི་མི་འབོར་དབུལ་པོ་མང་པོ་འདུས་ཡོད་པ་དང་། སློབ་གྲྭ་དེར་སློབ་སྦྱོང་བྱེད་མཁན་གཞིས་ལུས་བྱིས་པ་མང་པོ་ཡོད་པ་རེད། སྐབས་དེ་དུས་ཕྲུ་གུ་ཚོའི་ངོས་ནས་བརྗོད་ན། ཕྱི་ཕྱོགས་ཀྱི་འཛམ་གླིང་ནི་རྒྱང་ཐག་རིང་བ་ཞིག་ཡིན་པ་དང་། ཀྲུང་གོ་ནི་ས་བཀྲའི་ཐོག་མཐོང་བ་ཙམ་གྱི་རྒྱལ་ཁབ་ཅིག་ཡིན་པ་རེད།
     ཀྲུང་ཧྭ་ཡི་རིག་གནས་ལ་དགའ་ཞེན་ཆེ་བའི་དབང་གིས་སྐབས་དེ་དུས་ཀྱི་སློབ་གྲྭའི་སློབ་སྤྱི་ལུའོ་ས་ལི་ཨའོ·མ་ཏིང་ནེ་སི་ཡིས་སློབ་གྲྭ་དེར“ཀྲུང་གོའི”མིང་འདོགས་རྒྱུའི་གྲོས་འགོ་བཏོན། ཁོང་གིས་དེ་ལས་ཝུ་ར་ཀུའེ་ཡི་ན་གཞོན་ཚོས་ཀྲུང་གོ་དེ་བས་ཤེས་རྟོགས་ཐུབ་རྒྱུར་རོགས་རམ་ཐུབ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད།
    2004ལོའི་ཟླ་12པར། ཝུ་ར་ཀུའེ་སྲིད་གཞུང་གིས“319སློབ་ཆུང”དེ“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གྲྭ”ཞེས་མིང་བསྒྱུར་བྱས། དེ་ནས་བཟུང་སློབ་ཆུང་དེ་དང་ཀྲུང་གོའི་དབར་དོར་ཐབས་མེད་པའི་འབྲེལ་བ་ཆགས། ཀྲུང་གོ་སྲིད་གཞུང་གིས་གློག་ཀླད་སོགས་སློབ་ཁྲིད་སྒྲིག་ཆས་བསྐྱལ་བ་དང་སློབ་གྲྭར་མ་དངུལ་རོགས་སྐྱོར་བྱས་པ་མ་ཟད། ད་དུང་སློབ་གྲྭར་རྒྱ་ཡིག་དང་ཀྲུང་གོའི་རིག་གནས་སློབ་ཚན་ཡང་བཀོད་སྒྲིག་བྱས། ལོ་འགའི་གོང་ཁུང་ཙི་སློབ་གླིང་གི་ཀྲུང་གོའི་དང་བླངས་པའང་དེ་གར་ཡོང་སྟེ་ཡིག་གཟུགས་དང་། ཤོག་དྲས་འདྲ་གཟུགས། ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་དང་གོམས་སྲོལ་འགྲེམས་སྟོན་སོགས་བྱེད་སྒོ་སྤེལ་ཏེ་ཕྲུ་གུ་ཚོས་ཀྲུང་གོའི་རིག་གནས་ལ་དགའ་ཞེན་དང་ཡིད་སྨོན་སྐྱེ་བར་བྱས་ཡོད།
     ད་ཆའི་སློབ་སྤྱི་མ་ལི་ཡ·སུའུ་མུའུ་ཡིས་2008ལོར་སློབ་གྲྭས་པེ་ཅིང་གི་སློབ་ཆུང་ཞིག་དང་གཅེན་གཅུང་སློབ་གྲྭའི་འབྲེལ་བ་བཙུགས་པ་ནས་བཟུང་སློབ་གྲྭ་དང་ཀྲུང་གོའི་དབར་འབྲེལ་བ་དེ་བས་བྱེད་མང་དུ་སོང་ཡོད་ཅེས་བཤད།
     ཡུལ་གཞན་དུ་སློབ་སྦྱོང་བྱེད་སྒོར་ཞུགས་པའི་པུའུ་ལའེ་ཨེན་འདི་ལོ་ལོ་13ལ་སླེབས་པ་དང་། ཆུ་ཚོད་40ཡི་མཁའ་འགྲུལ་ལམ་བུས་ཁོང་གི་སྤྲོ་སེམས་གཏན་ནས་ཉམས་མེད། ལྕགས་རི་རིང་པོ་འཛེགས་པ་དང་། ཕོ་བྲང་རྙིང་པར་ཡུལ་སྐོར་བྱེད་པ། ཀྲུང་གོའི་སློབ་མ་དང་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་བྱེད་པ། ཀྲུང་གོའི་ཕྲུ་གུ་ཚོར་ཝུ་ར་ཀུའེ་ཡི་ཇ་མ་ཏའེ་ཡི་བྲོ་བ་མྱོང་དུ་འཇུག་པ། ཁོང་ཚོར་སའི་གོ་ལའི་སྣེ་གཞན་ཞིག་ཏུ་གནས་པའི་ཝུ་ར་ཀུའེ་ངོ་སྤྲོད་བྱེད་པ་བཅས་བྱས་ཡོད་ཅེས་པུའུ་ལའེ་ཨེན་གྱིས་བཤད། ཁོང་གནའ་དེང་མཉམ་གནས་ཀྱི་ཀྲུང་གོར་ཧ་ཅང་དགའ་པོ་ཡོད་ལ། ཀྲུང་གོའི་གྲོགས་པོའང་མང་པོ་སྒྲིག་ཡོད་པ་རེད།
     འདི་ལོ་ཀྲུང་གོས་སློབ་ཆུང་དེར་སློབ་ཁྲིད་ཐོག་བརྩེགས་ཁང་ཆེན་གསར་པ་ཞིག་ཞལ་འདེབས་ཕུལ་ཡོད། སློབ་ཁུལ་གསར་པ་དེ་སློབ་ཁུལ་རྙིང་པ་དང་བར་ཐག་ཁྲོམ་གཞུང་གཉིས་ཆེད་ཡོད་། སློབ་ཁང་9བཀོད་སྒྲིག་བྱས་ཡོད་པ་དང་ཆེད་མངགས“ཁུང་ཙིའི་སློབ་ཁང”ཞིག་ཀྱང་བཙུགས་ཡོད།
     སློབ་སྤྱི་སུའུ་མུའུ་ཡིས་ཀྲུང་གོའི་རོགས་རམ་འོག སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་སློབ་ཚན་བཀོད་སྒྲིག་ཀྱང་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ཁུང་ཙི་སློབ་གླིང་གི་དགེ་རྒན་ཚོས་ད་ཆ་དུས་བཀག་ལྟར་སློབ་འཁྲིད་བྱེད་པར་ཡོང་གི་ཡོད་པ་དང་། ལོ་ལྟར་ཀྲུང་གོར་སྐྱོད་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་གྲངས་ཚད་ལས་སློབ་མ་ཚོས་སློབ་སྦྱོང་བྱེད་སེམས་དེ་བས་འཕེལ་ཡོད། འདི་ལོའི་ལོ་མཇུག་ཏུ་ཀྲུང་གོའི་སློབ་མ་སློབ་གྲྭར་བཅར་འདྲིར་ཡོང་རྒྱུ་ཡིན་པས། སློབ་མ་ཁག་གཅིག་གིས་རྒྱ་ཡིག་དང་དབྱིན་ཡིག་རང་སྦྱོང་བྱེད་འགོ་ཚུགས་པ་དང་། སློབ་མ་ཁག་གཅིག་གིས་ད་དུང་ཀྲུང་གོའི་གྲོགས་པོ་ཚོར་རང་ཉིད་ཀྱི་ཁྱད་རྩལ་ངོམས་སྟོན་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད།
     ཁོང་གིས་སློབ་སྦྱོང་དང་སྤེལ་རེས་བརྒྱུད། ཕྲུ་གུ་ཚོས་ཀྲུང་གོ་དང་ཀྲུང་གོའི་རིག་གནས་ལ་དགའ་ཞེན་ཆེན་པོ་བྱེད་པ་དང་མཐོང་རྒྱ་ཆེ་རུ་ཕྱིན་པ་མ་ཟད། ཕྲུ་གུ་མང་པོ་ཞིག་གིས་རང་ཉིད་ཀྱི་འབད་བརྩོན་བརྒྱུད་ཁ་ས་པ་ལེ་ནས་ཕྱིར་ཐོན་ཏེ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཤེས་རྟོགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།