འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་12ཉིན།

༄༅༎མཚོ་སྔོན་གྱིས་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོའི་ནད་ཆེན་ཆེད་དོན་སྨན་བཅོས་ཀྱི་ནད་རིགས་30བར་མང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་12ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ཞིང་འབྲོག་ཁུལ་གྱི་ནད་པའི་ཁུར་པོ་སྔར་བས་ཡང་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོའི་ནད་ཆེན་ཆེད་དོན་སྨན་བཅོས་ཀྱི་ནད་རིགས་30བར་མང་དུ་བཏང་བས་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོའི་དབུལ་སྒྲོལ་གོམ་སྟབས་མགྱོགས་སུ་ཕྱིན་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ལེགས་སྒྲིག་བྱས་པའི་འགན་ལེན་བྱ་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་དང་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་བཅས་དང་མཉམ་དུ《2019ལོའི་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོའི་ནད་ཆེན་ཆེད་དོན་སྨན་བཅོས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་རྒྱལ་ཁབ་ཀྱི་ནད་རིགས་27གྱི་རྨང་གཞིའི་ཐོག་མཆིན་པ་མཁྲེགས་གྱུར་དང་། མཆིན་ཚད(མཆིན་ནད་ཁ་པ་དང་ག་པ) དྲེག་གྲུམ་ནད་བཅས་ནད་རིགས་3ཁ་སྣོན་བྱས་པ་རེད།
     མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་དོན་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་མཚོ་སྔོན་གྱིས་ནད་ཆེན་ཆེད་དོན་སྨན་བཅོས་ནད་རིགས་ལ་ནད་ཐོག་སྨན་བཅོས་དོ་དམ་ལག་བསྟར་བྱས་ནས་སྨན་བཅོས་གྲོན་དངུལ་ཚོད་འཛིན་བྱེད་པ་དང་ཆབས་ཅིག་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་སོགས་ལམ་ལུགས་དང་འབྲེལ་མཐུད་བྱེད་པའི་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གང་ཐུབ་ཅི་ཐུབ་ཀྱིས་མང་ཚོགས་དབུལ་པོའི་སྨན་བཅོས་ཁུར་པོ་ཡང་དུ་བཏང་ཡོད། གཞན་ཡང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་གྲོང་སྡོད་ལས་བྱེད་པའི་དབར“གན་རྒྱ་གཉིས་འཇོག”སོགས་ཀྱི་བྱེད་ཐབས་སྤྱད་དེ། ནད་ཆེན་ཆེད་དོན་སྨན་བཅོས་ལས་དོན་གྱི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱས་པར་བརྟེན། ནད་པ་ལྕི་པོས་རང་འགུལ་ངང་སྨན་ཁང་བསྟེན་ཚད་མང་དུ་ཕྱིན་ཡོད་ཅེས་བཤད།