འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་11ཉིན།

༄༅༎ཐོག་མའི་བསམ་འདུན་མ་བརྗེད་ཡིད་ལ་བཅངས། ཕུགས་འདུན་མངོན་འགྱུར་ཆེད་དུ་འབད་བརྩོན་བྱས།

—— བོད་རིགས་མེ་འཁོར་ཁ་ལོ་བ་བློ་བཟང་ཚེ་རིང་གིས་ཕུགས་འདུན་དོན་དུ་གཉེར་བའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་11ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ལོ་ལོ་40ལ་སླེབས་པའི་བློ་བཟང་ཚེ་རིང་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་དུ་སྐྱེས་པ་དང་། ཕ་ཡུལ་གྱི་རི་མཐོ་གཡང་གཟར་གྱིས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། ཁོང་གིས“རི་ཁུལ་ནས་ཐེངས་གཅིག་ཐོན་པར་ལས་སླ་པོ་མེད། མར་དང་རྩམ་པ་འདང་ངེས་ཁྱེར་ནས་ཉིན་འགའ་བསྐྱོད་ན་གཞི་ནས་དམིགས་སར་འབྱོར་གྱི་ཡོད། སྐབས་དེ་དུས་ཕ་ཡུལ་ལ་སློབ་གྲྭར་སྐྱོད་པའི་ལམ་ཞིག་ཡོད་ན་སྙམ་གྱི་ཡོད། དེ་ལྟར་བྱུང་ན་ཕ་ཡུལ་དུ་ཐེངས་གཅིག་ལོག་པར་དཀའ་ལས་དེ་འདྲ་རྒྱག་དགོས་ཀྱི་མེད”ཅེས་བཤད་བྱུང་།
     རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་བརྟེན་ནས་སློབ་ཆུང་ཐོན་རྗེས་བློ་བཟང་ཚེ་རིང་རི་ཁུལ་ནས་ཐེངས་དང་པོ་ཐོན་ནས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་དམའ་རིམ་སློབ་འབྲིང་འགྲིམ་པའི་གོ་སྐབས་བྱུང་ཡོད། དེ་ནི་བློ་བཟང་ཚེ་རིང་མེ་འཁོར་ལ་སྡོད་ཐེངས་དང་པོ་ཡིན་ཞིང་། ཁོང་གིས“མེ་འཁོར་རིང་པོ་དེ་འདྲ་མཐོང་སྐབས་དངོས་གནས་ཧང་སངས་བྱུང་། སྐབས་དེ་དུས་ཆེན་པོ་ཆགས་རྗེས་ང་རང་ཡང་མེ་འཁོར་གཏོང་རྒྱུ་བྱུང་ན་དགའ་བ་ལ་ཨང་སྙམ་བྱུང”ཞེས་བཤད།
     ཆུང་དུས་ཀྱི་ཕུགས་འདུན་གྱི་ལྕག་སྐུལ་འོག་2000ལོར་བློ་བཟང་ཚེ་རིང་ཁུན་མིང་ལྕགས་ལམ་འཕྲུལ་ཆས་སློབ་གྲྭར་ཡིག་རྒྱུགས་ལོན་པ་དང་། སློབ་གྲྭ་ཐོན་རྗེས། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ཟི་ལིང་འཕྲུལ་དོན་དུམ་བུར་ལས་བགོས་བརྒྱབ་པ་རེད།
     2006ལོར་བློ་བཟང་ཚེ་རིང་རང་གི་བསམ་འདུན་བཞིན་ནང་འབར་མེ་འཁོར་ཁ་ལོ་བ་གཞོན་པར་གྱུར་པ་རེད། དུས་དེ་ནས་བཟུང་། ཁོང་གིས་མེ་འཁོར་ཁ་ལོ་བའི་ལས་ལ་གཞོལ་འགོ་ཚུགས་ནས་ཁ་ལོ་བ་གཞོན་པ་ནས་ཁ་ལོ་བའི་བར་དང་། ནང་འབར་མེ་འཁོར་ནས་གློག་སྒུལ་མེ་འཁོར་བར་ཁོང་གིས་ས་མཐོའི་ལྕགས་ལམ་སྒྲིག་ཆས་གསར་བཅོས་རབས་བརྗེ་བྱུང་བ་མཐོང་ཡོད་ལ། སེམས་ནང་ཕུགས་འདུན་བཅངས་པའི་བློ་བཟང་ཚེ་རིང་ལ་ཡང་དགའ་ཚོར་དང་འགྱུར་ལྡོག་ཐེངས་མང་བྱུང་ཡོད་པ་རེད།
     2014ལོའི་ཟླ་12པར། ནུབ་བྱང་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཚོས་ཡུན་རིང་རེ་སྒུག་བྱས་པའི་ལན་ཤིན་ལྕགས་ལམ་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་གཉེར་སྐྱོང་བྱེད་འགོ་ཚུགས་ཏེ་མཚོ་སྔོན་མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་གསར་པར་སླེབས་ཡོད། ཤུགས་འགྲེམས་མེ་འཁོར་བཏང་ནས་མཚོ་བོད་ས་མཐོར་མྱུར་ཚད་མཐོ་པོའི་སྒོ་ནས་བསྐྱོད་རྒྱུ་ནི་བློ་བཟང་ཚེ་རིང་དང་མཚོ་བོད་ཚོགས་པ་ཀུང་སིའི་མེ་འཁོར་ཁ་ལོ་བ་1000ལྷག་ཙམ་གྱི་རེ་འདུན་གསར་པར་གྱུར་ཡོད་པ་རེད།
     ཡིན་ནའང་། རེ་འདུན་དེ་འབྲོག་ཁུལ་དུ་འཚར་ལོངས་བྱུང་བའི་བློ་བཟང་ཚེ་རིང་གི་ངོས་ནས་བརྗོད་ན་ལས་སླ་པོ་ཞིག་མིན་ཞིང་། ཤུགས་འགྲེམས་མེ་འཁོར་ཁ་ལོ་བ་འདེམས་པའི་ཚད་གཞི་ཧ་ཅང་མཐོ་བས་འདེམ་འདེམ་སྒྲུག་སྒྲུག་བྱས་པ་ཤ་སྟག་རེད། བློ་བཟང་ཚེ་རིང་རྒྱ་སྐད་ཀྱི་སྤྱི་སྐད་ཡག་པོ་རྒྱག་མི་ཤེས་པས་རྟག་ཏུ་བརྡ་གཏོང་ལན་འདེབས་ཡག་པོ་ཡོང་གི་མེད། སེམས་ནང་གི་ཕུགས་འདུན་གྱི་ཆེད་དུ་ཁོང་གིས་ཉིན་ལྟར་སྔ་ལངས་ཕྱི་ཉལ་གྱིས་ཤུགས་འགྲེམས་མེ་འཁོར་གྱི་རྨང་གཞིའི་བཀོལ་སྤྱོད་ཤེས་བྱ་སྦྱོང་བ་མ་ཟད། ད་དུང་ཁྱིམ་དུ་སྐད་ཤུགས་ཆེན་པོས་ཚགས་པར་ཀློག་རྒྱུ་རྒྱུན་འཁྱོངས་བྱས་ནས་རང་གི་བཟའ་ཟླ་སྤྱི་སྐད་ཀྱི་དགེ་རྒན་བྱེད་དུ་བཅུག་ནས་སློབ་སྦྱོང་ཡང་ཡང་བྱས་པ་རེད།
     མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་ལྟར། 2017ལོར་བློ་བཟང་ཚེ་རིང་ཡིག་ཐོག་རྒྱུགས་ལེན་དང་བཀོལ་སྤྱོད་ངོ་མའི་རྒྱུགས་བཏང་བ་བརྒྱུད། རྒྱལ་ཡོངས་ལྕགས་ལམ་ལས་རིགས་ཀྱི་འབྲོག་ཁུལ་ནས་ཡིན་པའི་ཤུགས་འགྲེམས་མེ་འཁོར་གྱི་བོད་རིགས་ཁ་ལོ་བ་གཅིག་པུ་དེར་གྱུར་ཡོད་པ་རེད།
     བློ་བཟང་ཚེ་རིང་གིས་འཕྲལ་མ་ཉིད་དུ་ཤུགས་འགྲེམས་མེ་འཁོར་ཁ་ལོ་བར་རྒྱུགས་ལོན་པའི་གཏམ་བཟང་རང་གི་ཕ་མ་གཉིས་ལ་བཤད་པས་ནང་མི་ཚང་མ་དགའ་ཚོར་ཆེན་པོ་བྱུང་ཡོད་པ་རེད།
     བློ་བཟང་ཚེ་རིང་ཕ་ཡུལ་གྱི་སྤོབས་པ་དང་། ལས་རོགས་ཚོའི་མིག་དཔེར་གྱུར་ཡོད། མེ་འཁོར་བཏང་ནས་ལོ་13སོང་བའི་ཁོང་གིས་མེ་འཁོར་རིགས་མི་འདྲ་བ་7གཏོང་མྱོང་ཡོད་ལ། བདེ་འཇགས་ངང་མེ་འཁོར་གཏོང་ཚད་སྤྱི་ལེ་ཁྲི་70ལྷག་ཙམ་ཟིན་ཡོད་པ་རེད།
     མཚོ་སྔོན་དུ་ཤུགས་འགྲེམས་མེ་འཁོར་བཏང་ནས་ཡུན་རིང་སོང་བའི་བློ་བཟང་ཚེ་རིང་ལ་སླར་ཡང་ཕུགས་འདུན་གསར་པ་ཞིག་ཡོད་པ་སྟེ། དེ་ནི“ཁྲོན་བོད་ལྕགས་ལམ་བསྐྲུན་རྗེས་རང་ཉིད་ཀྱིས་ཤུགས་འགྲེམས་མེ་འཁོར་བཏང་ནས་ཕ་ཡུལ་གྱི་ཡུལ་མི་སྤུན་མཆེད་ཚོ་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་ལ་བལྟ་བར་འཁྲིད་རྒྱུ་དེ་རེད”