འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་11ཉིན།

༄༅༎ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་ཏེ་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་བའི་རེ་འདུན་བཅངས་པ།

—— མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་མང་པོའི་སྲིད་ཕྱོགས་ཀྱི་མི་སྣ་གཙོ་བོས་ཀྲུང་གོ་གསར་པ་དབུ་ བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་11ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཕྱི་རྒྱལ་དུ་བཅའ་སྡོད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་མང་པོའི་སྲིད་ཕྱོགས་ཀྱི་མི་སྣ་གཙོ་བོས་ཕྱི་རྒྱལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རྒྱལ་སྟོན་སྣེ་ལེན་ཚོགས་འདུར་ཤིས་ཚིག་སྒྲོན་པ་དང་ཆབས་ཅིག སྨོན་ཚིག་ཞུ་བ་དང་གསལ་བསྒྲགས་སྤེལ་བ་སོགས་ཀྱི་རྣམ་པར་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།
     ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཚོགས་པས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་འཚོགས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་བསྐུར་བའི་སྨོན་ཚིག་ནང་། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་མཁན་དང་དེར་ཞུགས་མཁན་གཙོ་བོ་ཡིན་ལ། རྒྱལ་སྤྱིའི་མཉམ་ལས་དང་ཕྱོགས་མང་རིང་ལུགས་ཀྱི་ཀ་རྟེན་ལྟ་བུའང་ཡིན་པས་སྲོག་ཤིང་གི་ནུས་པ་འདོན་བཞིན་ཡོད་ཅེས་བརྗོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ་ཞི་བདེ་དང་བདེ་འཇགས་དང་། འགྲོ་བ་མིའི་ཐོབ་ཐང་། འཕེལ་རྒྱས་བཅས་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པར་ཁོང་གིས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཀྲུང་གོར་གྲུབ་འབྲས་དེ་བས་ཆེན་པོ་འཐོབ་པའི་སྨོན་འདུན་ཡང་ཞུས་པ་རེད།
     མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཏཱ་ཧུའུ་ལར(གྲོས་ཚོགས)གྱི་ཀྲུའུ་ཞི་ཙན་ཏན་ཧྲ་ཐར་གྱིས། ལོ་ངོ་70ཡི་རིང་ཀྲུང་གོར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་གྱི་གྲུབ་འབྲས་ཐོབ་ཡོད། ཉེ་བའི་ལོའི་ནང་མོང་ཀྲུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལའང་ཕན་པ་དངོས་ཐོབ་ཡོད་ཅེས་བརྗོད་པ་རེད། ཁོང་གིས་མོང་གོལ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བར་ཀྲུང་གོས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
     བྷོ་ཧེར་ཀྲུའུ་ཞི་ཚོགས་པའི་སར་པི་ཡ་རིགས་ཀྱི་ཁོངས་མི་ཏོ་ཏི་ཁེ་ཡིས། ལོ་ངོ་70ཡི་རིང་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། ཀྲུང་གོ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ལྡན་པའི་རྒྱལ་ཁབ་གྲས་སུ་གྱུར་ཡོད། ཀྲུང་གོའང་རྒྱལ་སྤྱིའི་གར་སྟེགས་ཀྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་སྐུལ་འདེད་གཏོང་བར་འབྲལ་ཐབས་མེད་པའི་སྟོབས་ཤུགས་ཤིག་རེད་ཅེས་བརྗོད་པ་རེད། ཁོང་གིས་ཤིས་པར་ཀན་ས་ཁུལ་གྱི་མི་རིགས་ཁག་ལ་ཀྲུང་གོས་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
     ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཁྲའོ་ཞན་རྒྱལ་དོན་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ། ཏང་ཀྲུང་དབྱང་གི་ཨུ་ཡོན་ཀྲང་གཞོན་པ་བཅས་ཡིན་པའི་ཕུའུ་ཧྥེང་ཀྲུའུ་ཡིས། ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་ཀྲུང་གོའི་མི་དམངས་ཀྱིས་རྒྱུན་ཆད་མེད་པར་འབྱུང་འགྱུར་གསར་འབྱེད་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱས་ཏེ། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་ཁག་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ནས་ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་ཀྱང་ཉིན་བཞིན་མཐོ་རུ་སོང་ཡོད། ང་ཚོའི་སྤུན་ཟླ་ལྟ་བུའི་ཀྲུང་གོའི་མི་དམངས་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་འདྲ་ཐོབ་པར་སེམས་གཏིང་ནས་དགའ་ཚོར་སྐྱེས་བྱུང་། ཁྲའོ་ཞན་ཕྱོགས་ཀྱིས་སླད་ཕྱིན་ཀྲུང་གོའི་བློ་མཐུན་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་ཁྲའོ་ཀྲུང་དབར་གྱི་མཛའ་གྲོགས་རྒྱུན་འཛིན་དང་འཕེལ་རྒྱས་ཡག་པོ་གཏོང་བ་དང་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ལ་བསུ་བ་ཞུ་ཆེད་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
     བྷེ་ཨུ་རུ་སུའི་ཙུང་ཐུང་གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པ་སི་ནོ་ཕུ་ཁོ་ཧྥུ་ཡིས། བྷེ་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཉེར་བའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུར་ཞུགས་སྐབས། ཁོང་གིས་ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ལས་ལ་བརྩོན་པའི་ཀྲུང་གོའི་མི་དམངས་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད། བྷེ་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་མཚམས་འདིར། སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་གི་ཡིན་ལ་ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་ཁག་གི་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”རྒྱལ་ཁབ་ཁག་གི་ཐུན་མོང་དར་རྒྱས་ལམ་དུ་སྐྲུན་འདོད་ཡོད་ཅེས་བརྗོད་པ་རེད།