འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་20ཉིན།

༄༅༎སྐབས་74པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་20ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་9ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་74པ་ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འགོ་ཚུགས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་སྐབས་74པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཐི་ཅཱ་ཉི·མུའུ་ཧན་མོ་ཏེ·པན་ཏེ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་ཧུར་ཐག་བྱས་ནས་མིའི་རིགས་ལ་འཕྲད་པའི་དཀའ་ངལ་དང་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་འཇལ་དགོས་པའི་ནན་བཤད་གནང་བ་རེད།
     ཀུ་ཐེ་ལེ་སིས་འཛམ་གླིང་ལ་ནུས་ལྡན་དང་ཕན་ཡོད་ཀྱི་ཕྱོགས་མང་སྒྲིག་གཞི་ཞིག་དགོས་པ་དང་། རྒྱལ་སྤྱིའི་འབྲེལ་བས་ཀྱང་ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་འཛིན་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནི་ཐུན་མིན་དང་མེད་དུ་མི་རུང་བའི་གླེང་སྟེགས་ཤིག་རེད། གསལ་ཚད་ཆེ་རུ་གཏོང་བ་དང་། སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་པ། ཕན་ཚུན་བསམ་ཤེས་བྱེད་ཚད་ཆེ་རུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན“རྒྱལ་ཁབ་དབར་གྱི་ཡིད་ཆེས་ཀྱི་མཚལ་ཡིག”མེད་པ་བཟོ་རྒྱུར་གལ་འགངས་ཧ་ཅང་ཆེན་པོ་ཡོད་ཅེས་བརྗོད།
     ཀུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ནི་སྲིད་གཞུང་དབར་གྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་པ་དང་ཆབས་ཅིག རྒྱལ་སྤྱི་དང་ས་ཁུལ་རང་བཞིན་གྱི་རྩ་འཛུགས་གཞན་དག་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ལ། ཁེ་ལས་དང་། སྤྱི་དམངས་སྤྱི་ཚོགས། ཁེ་ཕན་གྱི་འབྲེལ་བ་གཞན་དག་བཅས་དབར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་དགོས་ཞེས་བརྗོད།
     ཐི་ཅཱ་ཉི·མུའུ་ཧན་མོ་ཏེ·པན་ཏེ་ཡིས་ཤིས་ཚིག་གསུང་སྐབས། སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་དོ་ཁུར་བྱ་ཡུལ་གཙོ་བོ་ནི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དེ་ཡིན་པ་དང་། དེའི་ནང་དབུལ་ཕོངས་མེད་པ་བཟོ་བ་དང་། བཀྲེས་ལྟོགས་སེལ་བ། སྤུས་ལེགས་སློབ་གསོ། གནམ་གཤིས་ཀྱི་བྱ་སྤྱོད། དེ་བཞིནབསྟུན་མཁས་རང་བཞིན་སོགས་ཀྱི་ཐད་ཚུད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱིས་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའི་དབར་གྱི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འགལ་རྐྱེན་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད་ཅེས་བརྗོད།