འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་19ཉིན།

༄༅༎ཀྲུང་གོ་རྒྱལ་སྤྱིའི་བཟོ་ལས་དངོས་མང་སྟོན་ཚོགས་སྐབས་21པ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་19ཉིན། 12:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
      འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་9ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ཀྲུང་གོ་རྒྱལ་སྤྱིའི་བཟོ་ལས་དངོས་མང་སྟོན་ཚོགས་སྐབས་21པ་རྒྱལ་ཁབ་ཚོགས་འགྲེམས་ལྟེ་གནས(ཧྲང་ཧའེ)སུ་འགོ་ཚུགས་ཤིང་། སྐབས་འདིའི་དངོས་མང་སྟོན་ཚོགས་ཐོག“རིག་ནུས་དང་དྲ་སྦྲེལ་གྱི་ནུས་མང་ཐོན་ལས་འཕེལ་རྒྱས་གསར་པ”བརྗོད་དོན་གཙོ་བོར་བྱས་པ་དང་། འདུ་ཚོགས་འཚོགས་ཡུན་ཉིན་5ཡིན་པ། མིས་བཟོས་རིག་ནུས་དང་། མཐོ་གསར་བཟོ་སྐྲུན། གྲངས་གཞི་ཆེ་མོའི་ཞབས་ཞུའི་འགྲེམས་ཚོགས་སོགས་ཀྱི་ཐད་ཁྱད་ཆོས་གསར་པ་མངོན་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་དངོས་མང་སྟོན་ཚོགས་ནང་ཆེད་ལས་འགྲེམས་ཁུལ་ཆེ་གྲས་དགུ་ཡོད་པའི་ནང་བཟོ་སྐྲུན་ལས་རིགས་ཀྱི་རྨང་གཞིའི་རྒྱུ་ཆ་དང་འགག་རྩའི་ལྷུ་ལག་ནས་སྔོན་ཐོན་བཟོ་སྐྲུན་གྱི་སྒྲིག་ཆས་དང་ཁྱོན་ཡོངས་ཀྱི་ཐག་གཅོད་ཇུས་གཞི་བར་གྱི་རིག་ནུས་ལྗང་མདོག་བཟོ་སྐྲུན་གྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ཐོན་རྫས་གསར་ཤོས་དང་འཐབ་ཕྱོགས་མདུན་མའི་གྲུབ་འབྲས་ཁྱབ་ཡོད། དེའི་ནང་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་ཐོག་མར་འཕེལ་རྒྱས་དང་ཐོག་མར་འགྲེམས་སྟོན་བྱེད་ཤུགས་ཆེན་པོ་ཡོད་པ་དང་ཆབས་ཅིག་སྐབས་འདིའི་བཟོ་ལས་དངོས་མང་སྟོན་ཚོགས་ཐོག“5G+བཟོ་ལས་དྲ་སྦྲེལ”དང“AT+བཟོ་སྐྲུན”སོགས་ཀྱི་བཟོ་ལྗོངས་བཀོལ་སྤྱོད་དང་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་ཡོད། བཟོ་ལས་དྲ་སྦྲེལ་འགྲེམས་ཁུལ་གསར་རྐྱང་ཞིག་བཏོད་དེ་བཟོ་ལྗོངས་བཀོལ་སྤྱོད་བྱས་པ་བརྒྱུད་འབྱུང་འགྱུར་གྱི་འཕེལ་རིམ་རང་བཞིན་གྱི་ལག་རྩལ་མངོན་ཡོད། དབྱིན་ཐེར་དང་ཧྲང་ཧའེ་གློག་རླངས་སོགས་ལས་བཀོལ་སྤྱོད་གསར་ཤོས་ཀྱི་བཟོ་ལྗོངས་ཤིག་བསྣན་པ་དང་། གློག་འཕྲིན་དང་། སྒུལ་བདེ། ལན་ཐུང་སོགས་འཕྲིན་གཏོང་ཞབས་ཞུའི་ཚོང་ཟོག་གིས་འགྲེམས་སྟོན་བྱ་ཡུལ་དུ་5Gཡིས་བཟོ་ལས་ཁྱབ་ཁོངས་ཀྱི་བཀོལ་སྤྱོད་གསར་ཤོས་མངོན་པར་བྱས་ཡོད།