འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་19ཉིན།

༄༅༎མིག་སྔར་རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་རའི་སྤྱི་ཡོངས་ཀྱི་འཁོར་སྐྱོད་བརྟན་པོ་ཡོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་19ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚོང་དོན་པུའུ་ཁྲོམ་ར་འཁོར་སྐྱོད་སིའི་འགན་འཁུར་བས་ཚེས་17ཉིན་ངོ་སྤྲོད་བྱས་དོན། མིག་སྔར། རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་རའི་སྤྱི་ཡོངས་ཀྱི་འཁོར་སྐྱོད་བརྟན་པོ་ཡོད་པ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལ་གཞིགས་ན། ཟླ་8པར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་3.4ཟིན་པ་དེ་དུས་མཚུངས་ལས་7.5%འཕར་བ་དང་། འཕར་ཚད་ཟླ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གྲངས་0.1ཆག་པ་དང་། རླངས་འཁོར་ཕུད་པའི་འཛད་རྫས་ཀྱི་སིལ་ཚོང་དངུལ་འབོར་9.3%འཕར་བ་དེ་ཟླ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གྲངས་0.5འཕར་ཡོད། ཚོང་དོན་པུས་གཙོ་གནད་ལྟ་ཞིབ་ཚད་ལེན་བྱས་པའི་སིལ་ཚོང་ཁེ་ལས་ཀྱི་ཟླ་8པའི་ཕྱིར་ཚོང་དངུལ་འབོར་དུས་མཚུངས་ལས་2.3%འཕར་བ་དང་། འཕར་ཚད་ཟླ་སྔོན་མ་དང་མཚུངས་ཡོད་པ་རེད།
     འགན་འཁུར་བས་བརྗོད་དོན། འཛད་སྤྱོད་ཁྲོམ་རར་གཙོ་བོ་གཤམ་གྱི་ཁྱད་ཆོས་ཁག་ཡོད་པ་སྟེ། གཅིག་ནི་བཟའ་བཏུང་དང་རིག་རྩལ་རོལ་རྩེད་ཀྱི་འཛད་སྤྱོད་མཐོ་རུ་ཕྱིན་པ་དང་། གཉིས་ནི་གཞི་རྩའི་འཚོ་བའི་འཛད་སྤྱོད་མཐོ་རུ་ཕྱིན་པ། གསུམ་ནི་དྲ་བའི་སིལ་ཚོང་འཕར་ཚད་མགྱོགས་སུ་ཕྱིན་པ། བཞི་ནི་འཛད་སྤྱོད་རིན་གོང་རིམ་བཞིན་འཕར་ཡོད་པ་བཅས་རེད།
     འགན་འཁུར་བས་བརྗོད་དོན། རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་ར་སྤྱི་ཡོངས་སྔར་བཞིན་འཕར་བཞིན་ཡོད་པ་དང་། ཁྲོམ་རའི་གཏིང་ཤུགས་ཆེ་ལ་འཕེལ་རྒྱས་འགྲོ་ནུས་ཆེ་བ་དང་འཕེལ་རིམ་ལེགས་པས། རྒྱལ་ཁབ་ཀྱི་ཁྲལ་རིན་གཉིས་གཅོག་དང་། སྒོ་དབྱེ་རྒྱ་སྐྱེད། དམངས་འཚོ་ལེགས་གཏོང་། ཚོང་ལས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་པ་བརྒྱུད། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་རྒྱུན་མཐུད་ཆེ་རུ་ཕྱིན་ནས་སྔོན་དཔག་བྱས་ན། དུས་མཇུག་གི་འཛད་སྤྱོད་བརྟན་པོའི་ངང་འཕར་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་རྒྱུ་རེད།