འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་18ཉིན།

༄༅༎བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་སྐྱོད་འགྲེམས་སྟོན་མངའ་རིས་སུ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་18ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་16ཉིན། “གུང་ཁྲན་ཏང་གི་བཀའ་དྲིན་ཚོར། ཧུར་བརྩོན་ཆེན་པོས་དུས་རབས་གསར་པར་བསྐྱོད”ཞེས་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་སྐྱོད་འགྲེམས་སྟོན་སེང་གེ་ཁ་འབབ་གྲོང་རྡལ་ཞང་ཞུང་རིག་གནས་ཐང་ཆེན་དུ་སྤེལ་བ་རེད།
     མངའ་རིས་ས་ཁུལ་གྱི་ཚན་ཁག་ཆེ་གྲས་བཞིའི་འགོ་ཁྲིད་གཙོ་བོ་དང་དེ་བཞིན་སེང་གེ་ཁ་འབབ་གྲོང་རྡལ་གྱི་ལས་བྱེད་པ་དང་ལས་བཟོ། སློབ་གྲྭའི་དགེ་སློབ། མང་ཚོགས་ཀྱི་འཐུས་མི་བཅས་མི་400ལྷག་ཙམ་གྱིས་སྐོར་སྐྱོད་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།
     ད་ཐེངས་ཀྱི་སྐོར་སྐྱོད་འགྲེམས་སྟོན་ཐོག་འགྲེམས་པང་200ཙམ་འགྲེམས་སྟོན་བྱས་པ་དང་། བོད་ལྗོངས་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་འོག་གི་བོད་རྙིང་པ། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ། གོམ་སྟབས་ཆེ་པོས་དུས་རབས་གསར་པར་བསྐྱོད་པ་སོགས་ཀྱི་ནང་དོན་དབྱེ་ནས་འགྲེམས་ཁུལ་བཟོས་ཡོད། འགྲེལ་བཤད་པ་4ཡིས་འགྲེམས་པང་གི་ནང་དོན་དང་ཟུང་འབྲེལ་བྱས་ཏེ་ངང་རྒྱུད་རིང་པོའི་སྒོ་ནས་ཚང་མར་བོད་ལྗོངས་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བོད་རྙིང་པའི་མུན་ནག་རྗེས་ལུས་དང་ཀླ་ཀློ་ལྟར་གྱི་གནས་ཚུལ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་རླབས་ཆེན་གྱི་འཕོ་འགྱུར་སོགས་ཞིབ་ཕྲའི་ངང་བརྗོད་ཡོད།
     སྐོར་སྐྱོད་འགྲེམས་སྟོན་ལ་ལྟ་སྐོར་བྱེད་མཁན་སེང་གེ་ཁ་འབབ་གྲོང་རྡལ་གྱི་མང་ཚོགས་ཀྱི་འཐུས་མི་ཅང་ཨ་ཧྲེན་གྱིས་མྱོང་ཚོར་ཟབ་མོའི་ངང་གསར་འགོད་པར“ད་རེས་ཀྱི་འགྲེམས་སྟོན་ལ་ལྟ་སྐོར་བྱས་རྗེས་ངས་བོད་ལྗོངས་རྙིང་པའི་མུན་ནག་རྗེས་ལུས་དང་བོད་ལྗོངས་གསར་པའི་བདེ་སྐྱིད་ཚོར་བྱུང་། ཀྲུང་གོ་གུང་ཁྲན་ཏང་གིས་ང་ཚོ་བོད་ལྗོངས་ཀྱི་མི་སེར་ཚོར་སྦོ་དགྱེ་དགྱེས་ངང་རང་ཉིད་ཀྱི་བདག་པོ་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད།
     མངའ་རིས་ས་ཨུད་ཀྱི་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་བསོད་ནམས་ཚེ་བརྟན་གྱིས། ད་ཐེངས་ཀྱི་སྐོར་སྐྱོད་འགྲེམས་སྟོན་བྱས་པ་བརྒྱུད་ང་ཚོས་མངའ་རིས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འགན་འཁྲི་བློ་ལ་བརྟན་པོར་བཅང་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ནས། “ཕན་པ་སུ་ལ་ཐོབ་པ་དང་། ཕན་པ་གང་ནས་བྱུང་བ”དངོས་འབྲེལ་ཤེས་པ་བྱེད་པ་དང་། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། དེ་བས་བརྟན་པའི་ཡིད་ཆེས་དང་དེ་བས་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་མངའ་རིས་ཀྱི་བྱ་གཞག་ཁག་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།