འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་18ཉིན།

༄༅༎“ཀྲུང་གོའི་གྲུབ་འབྲས་ནི་ང་ཚོ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་སྤོབས་པ་ཡིན”

—— ན་སྨི་པི་ཡའི་རྒྱལ་ཁབ་གསར་འཛུཌ་བྱེད་མཁན་ཙུང་ཐུང་ནུའུ་ཆའོ་མཱར་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་18ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     “འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན་ལ། ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། དམིགས་བསལ་གྱི་དུས་མཚམས་དེར་ངའི་དགའ་སྤྲོ་དཔག་མེད་དང་གཅེན་གཅུང་ལྟ་བུའི་གསར་བརྗེའི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་དང་ལེན་གནང་རོགས”ཞེས་ན་སྨི་པི་ཡའི་རྒྱལ་ཁབ་གསར་འཛུགས་བྱེད་མཁན་ཙུང་ཐུང་ནུའུ་ཆའོ་མཱ་ཡིས་ཉེ་ཆར་ཝིན་ཏེ་ཧོ་ཁེར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད་པ་རེད།
     ཁོང་གིས་ན་སྨི་པི་ཡ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོ་དང་དགེ་མཚན་ལྡན་པའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། ཀྲུང་གོ་ནི་འཛམ་གླིང་ཐོག་ན་སྨི་པི་ཡར་དཔལ་འབྱོར་རོགས་སྐྱོར་ཆེ་ཤོས་བྱེད་མཁན་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྐྲུན་འགན་ཁུར་བའི་ན་སྨི་པི་ཡའི་ཝོར་ཝུའེ་སི་མཚོ་ཁུག་གྲུ་ཁ་ནི་ཨ་ཧྥེ་རི་ཁ་ལྷོ་མའི་སྒོ་མོ་གལ་ཆེན་ཞིག་ཡིན་ཞིང་། ཨ་ཧྥེ་རི་ཁ་ལྷོ་མའི་སྐམ་སའི་ནང་ཁུལ་རྒྱལ་ཁབ་པོ་ཚི་ཝ་ན་དང་། ཙམ་པབ་ཝེ། ཙན་པི་ཡ་བཅས་དང་ས་ཁུལ་གཞན་དག་གི་དངོས་ཟོག་ཚང་མ་གྲུ་ཁ་གལ་ཆེན་འདི་ནས་བརྒྱུད་དགོས་ཀྱི་ཡོད་ཅེས་བཤད་བྱུང་།
     ནུའུ་ཆའོ་མཱ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོས་ན་སྨི་པི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བར་དམིགས་སུ་ཐུགས་རྗེ་ཆེ་ཞུས་པ་དང་ན་སྨི་པི་ཡས་ཀྲུང་གོ་དང་གཉིས་ཁེ་མཉམ་ལས་ཟབ་ཏུ་བཏང་སྟེ་རང་ཉིད་མགྱོགས་མྱུར་འཕེལ་རྒྱས་དང་དེ་བས་སྟོབས་ཆེར་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
     བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོར་འཚམས་འདྲི་བྱེད་པར་ཐེངས་17ཡོང་མྱོང་བའི་ནུའུ་ཆའོ་མཱ་ཡིས་གསར་འགོད་པར་ལོ་10ཡི་གོང་གདན་ཞུས་ལྟར་པེ་ཅིང་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་དམག་གཟིགས་མཛད་སྒོར་གཟིགས་པའི་མྱོང་ཚོར་བརྗོད་བྱུང་། “དམག་མིའི་རུ་སྟར་གྲུ་བཞི་མདུན་ནས་འགྲོ་སྐབས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་རང་ཡང་དེ་སྔ་དམག་མི་ཞིག་ཡིན། ང་ཚོས་རྒྱལ་ཁབ་རང་བཙན་བརྩོན་ལེན་བྱས་རྗེས་ཡང་དཔལ་འབྱོར་རང་བཙན་གྱི་འཐབ་རྩོད་འཕྲད་བྱུང་། ངས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་འཛུགས་སྐྲུན་ཁྲོད་ནས་ཐོབ་པའི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་གྲུབ་འབྲས་དངོས་སུ་མཐོང་བྱུང་། ཀྲུང་གོའི་གྲུབ་འབྲས་ནི་ང་ཚོ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་སྤོབས་པ་ཡིན”ཞེས་བཤད་བྱུང་།
     “ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་མི་དམངས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་གྲོགས་པོ་བློ་ཐུབ་ཡིན”ནུའུ་ཆའོ་མཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་གྱི་ལས་འཛིན་རྒྱལ་ཁབ་ཡིན་པའི་ངོས་ནས། ཨ་ཧྥེ་རི་ཁར་རོགས་རམ་བྱེད་པའི་གྲོས་ཆོད་མང་ཆེ་བ་ཚང་མ་ཀྲུང་གོས་འགོ་ཁྲིད་དེ་རྒྱབ་སྐྱོར་བྱས་པ་ཞིག་ཡིན། ཀྲུང་གོས་དུས་ཡུན་རིང་པོའི་ནང་སྒེར་སེམས་མེད་པར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་བྱས་ཏེ་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རོགས་རམ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། “ཀྲུང་གོའི་གྲུབ་འབྲས་ལ་སྤོབས་པ་སྐྱེ་དགོས་པ་དང་སེམས་འགུལ་ཚད་མེད་ཐེབས་དགོས་པ་ཞིག་འདུག སླད་ཕྱིན་ཀྲུང་གོ་དེ་བས་མཛེས་སྡུག་ལྡན་པར་འགྱུར་ཐུབ་ངེས་ཡིན་ལ། འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་ཐུབ་ངེས་ཀྱང་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད”ཅེས་བཤད་པ་རེད།