འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་17ཉིན།

༄༅༎ཁུ་པ་དང་ཡོ་རོབ་མནའ་འབྲེལ་གྱིས་ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཀྱི་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་
ཤུགས་སྣོན་རྒྱག་རྒྱུའི་ནན་བཤད་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་17ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ཝ་ན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཁུ་པ་དང་ཡོ་རོབ་མནའ་འབྲེལ་མཉམ་འབྲེལ་ཨུ་ལྷན་གྱི་ཚོགས་འདུ་སྐབས་གཉིས་པ་ཧ་ཝ་ནར་འཚོགས་པ་རེད། ཁུ་པའི་ཕྱི་འབྲེལ་དཔོན་ལོ་ཏེ་ལི་ཀོ་སི་དང་འཚམས་འདྲིར་ཡོང་བའི་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་དང་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་ཚབ་གཅིག་ལྕོགས་ཡིན་པའི་མོ་ཀེ་ལི་ཉིས་ཁུ་པ་དང་ཡོ་རོབ་མནའ་འབྲེལ་གྱི“ཆབ་སྲིད་ཐད་ཀྱི་སྐད་ཆ་ཤོད་རེས་དང་མཉམ་ལས་གྲོས་མཐུན”དངོས་སུ་ནུས་པ་ཐོན་ནས་ལོ་གཉིས་ཙམ་སོང་རིང་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་འགྲོ་ཚུལ་ལ་དགེ་མཚན་ལྡན་པའི་གདེང་འཇོག་བྱས་པ་དང་ཆབས་ཅིག་ཕྱོགས་གཉིས་པོའི་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་རེད།
     ལོ་ཏེ་ལི་ཀོ་སིས་ཁུ་པ་དང་ཡོ་རོབ་མནའ་འབྲེལ་གྱིས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ། གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་ཕྱོགས་གཉིས་པོའི་འབྲེལ་བར་སྐུལ་འདེད་ཧུར་ཐག་བཏང་བས་འབྱུང་འགྱུར་ཁུ་པ་དང་ཡོ་རོབ་མནའ་འབྲེལ་གྱི་འབྲེལ་བའི་འཕེལ་རྒྱས་ལ་མི་མངོན་པའི་ནུས་པ་ཆེན་པོ་ལྡན་ཡོད། ཁུ་པར་མ་འཇོག་བྱེད་པའི་ཐད། ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་ལ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་མང་པོ་ལྡན་ཡོད་པས་ཡོ་རོབ་མནའ་འབྲེལ་གྱིས་གཞི་ཁྱོན་དེ་བས་ཆེ་བ་དང་ནུས་པ་དེ་བས་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་ཁུ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་ནང་ཞུགས་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
     2016ལོའི་ཟླ་12པར། ཡོ་རོབ་མནའ་འབྲེལ་གྱི་པུའུ་ཀྲང་ལས་འཛིན་ལྷན་ཚོགས་ཀྱིས་ཁུ་པ་དང“ཆབ་སྲིད་ཐད་ཀྱི་སྐད་ཆ་ཤོད་རེས་དང་མཉམ་ལས་གྲོས་མཐུན”ལ་མིང་རྟགས་འགོད་རྒྱུའི་ཐག་བཅད་པ་རེད། 2017ལོའི་ཟླ་11པར། གྲོས་མཐུན་དེ་དངོས་སུ་ནུས་པ་ཐོན་པ་རེད། ཁུ་པ་དང་ཡོ་རོབ་མནའ་འབྲེལ་མཉམ་འབྲེལ་ཨུ་ལྷན་སྒྲོམ་གཞི་དེའི་ཐོག་བཙུགས་པ་དང་འབྲེལ་ན་ནིང་པེར་ཀྲེམ་དུ་ཚོགས་འདུ་སྐབས་དང་པོ་འཚོགས་པ་རེད།