འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་16ཉིན།

༄༅།།རྫ་ཆུའི་ཆུ་འགོ་ཁུལ་གྱི་ཧྲུའུ་ཅི་དང་པོ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་16ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཡ་ཀོང་དང་ཁྲེན་ཏིས།
    མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནང་ཆེན་རྫོང་སྐྱོ་བྲག་ཤང་དཀར་ཐུར་གྲོང་ཚོ་ནི་ས་མ་འབྲོག་གི་གྲོང་ཚོ་དབུལ་པོ་ཞིག་ཡིན་ལ་གྲོང་མི་ལྷ་ཚེ་རྡོ་ན་ནིང་དབུལ་སྒྲོལ་ཐུབ་མ་ཐག་ཡིན། གསར་འགོད་པས་ལོ་42སོན་པའི་བོད་རིགས་ཕོ་རྒོད་དེ་མཐོང་སྐབས་ཁོང་གིས་སོ་ནམ་ཡོ་བྱད་འཁྱེར་ཏེ་ཞིང་ཁ་ནས་ལོག་ཡོང་བཞིན་འདུག
    ཁྱིམ་དུ་ལོག་ནས་ཇ་ཧུབ་གང་ཡང་འཐུང་ཁོམ་མེད་པར་ལྷ་ཚེ་རྡོས་འགྲུལ་ཁང་དུ་འོ་ཇ་དང་རྩམ་པ་གྲ་སྒྲིག་བྱེད་འགོ་ཚུགས། ཁོང་གིས་གསར་འགོད་པར་བཤད་པ་ལྟར་ན། ཉིན་དེ་ནི་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན་ཏེ་གྲོང་ཚོའི་ཧྲུའུ་ཅི་དང་པོ་འཚམས་འདྲིར་ཡོང་རྒྱུ་ཡིན་པ་རེད།
    ལོ་འཁོར་མོར་བོད་རིགས་ས་ཁུལ་དུ་བཅར་འདྲིར་སྐྱོད་པའི་གསར་འགོད་པས་ཏོག་ཙམ་ནས་ཡོང་མཁན་ཧྲུའུ་ཅི་དང་པོ་དེ་ལྷ་ཚེ་རྡོའི་སེམས་སུ་ཧ་ཅང་གལ་ཆེན་པོ་ཡིན་པ་གསལ་པོར་ཤེས་ཀྱི་འདུག
     ཐབ་ཀའི་ནང་མེ་འུར་འུར་འབར་ནས་འོ་ཇའི་དྲི་ཞིམ་གང་སར་ཁྱབ། ན་གཞོན་ལས་བྱེད་པ་ཞིག་ཁྱིམ་དུ་འཛུལ་བས་ལྷ་ཚེ་རྡོས་དགའ་སྤྲོའི་ངང་འཐམས་ནས་འགྲམ་པ་སྦྱར་བ་དང་ཡུན་རིང་པོར་ཁ་བརྡ་གློད།
     གསར་འགོད་པས་དྲིས་ནས་ཤེས་གསལ། ན་གཞོན་ལས་བྱེད་པ་དེ་ནི་ལྷ་ཚེ་རྡོས་བརྗོད་པའི་ཧྲུའུ་ཅི་དང་པོ་ཡིན་ལ་ད་ལོ་ལོ་36སོན་པ་དང་ཡུལ་ཤུལ་ཀྲོའུ་སྒྱུར་འཕེལ་ཨུ་ལྷན་གྱིས་མངགས་པའི་རྒྱ་རིགས་ལས་བྱེད་པ་མཱ་ཁྲེང་ཞུའེ་རེད།
     ཁོང་ཚོའི་སྐད་ཆ་ལས་མཱ་ཁྲེང་ཞུས་ལྷ་ཚེ་རྡོའི་ཁྱིམ་གྱི་གནས་ཚུལ་རྒྱུས་མངའ་ཟབ་མོ་ཡོད། ཁྱིམ་ཚང་གི་གྲུབ་ཆ་དང་ཡོང་འབབ་བགོ་བཤའ་ནས་མཁྲེགས་ཆས་སྒྲིག་བཀོད་དང་དཀའ་ངལ་སོགས་གང་ཐད་ཀྱི་གནས་ཚུལ་གསར་པ་རེ་ཤེས་ཚེ་ཁོང་གིས་མགོ་བསྒུར་ནས་ནན་ཏན་ངང་ཟིན་བྲིས་འདེབས་ཀྱི་ཡོད།
    མཱ་ཁྲེང་ཞུའེ་ཡི་ཟིན་བྲིས་དེབ་ནང་། གསར་འགོད་པས་གྲོང་ཚོ་དེའི་འབྲོག་པའི་དུད་ཚང་རེ་རེའི་གནས་ཚུལ་ཞིབ་རྒྱས་དང་དེ་བཞིན་ཉེ་འཁོར་གྱི་དབུལ་སྒྲོལ་འཆར་གཞི་དང་མྱོང་ཚོར་འཁོད་པའི་ཤོག་གྲངས་བརྒྱ་ལྷག་ཡོད་པ་མཐོང་བྱུང་།
     ལྷ་ཚེ་རྡོས་གསར་འགོད་པར་སྨྱུག་ཁ་མགྱོགས་ལ་ལས་ཀར་ཞིབ་ཚགས་པའི་མཱ་ཁྲེང་ཞུའེ་ནི་ཁོང་གི་དྲིན་ཆེན་ཡིན་པ་མ་ཟད་གྲོང་ཚོ་ཡོངས་ཀྱི་དྲིན་ཆེན་ཡང་རེད། གྲོང་ཚོའི་ཆུ་དང་ལམ་སོགས་སྒྲིག་བཀོད་དང་ནས་ནག་སོགས་ཐོན་ལས་ནི་མཱ་ཁྲེང་ཞུའེ་ཡིས་སྣེ་ཁྲིད་ནས་ལེགས་པར་གཉེར་བ་ཞིག་རེད་ཅེས་བཤད།
     དེ་རྗེས་གསར་འགོད་པས་མཱ་ཁྲེང་ཞུའེ་དང་ལྷན་དུ་འབྲོག་པའི་དུད་ཁྱིམ་ལ་བབ་བསྟུན་བཅར་འདྲི་བྱས་པ་ན་གྲོང་མི་ཕལ་ཆེ་བས་གོང་གི་ལྟ་ཚུལ་དང་མྱོང་ཚོར་དེ་འདྲ་བརྗོད་བྱུང་།
     དཀར་ཐུར་གྲོང་ཚོའི་རི་སྐེད་དུ་གཞིས་ཆགས་པའི་དཔལ་ཚེས། སྔོན་ཆད་དགུན་ཁ་ཆུ་ལེན་ན་རི་གཤམ་དུ་འགྲོ་དགོས་པ་དང་ཡར་མར་ཆུ་ཚོད་ཕྱེད་ཀ་ཙམ་འགོར་གྱི་ཡོད། མཱ་ཁྲེང་ཞུའེ་ཡི་གྲོང་ཚོའི་འཐུང་ཆུའི་དཀའ་ངལ་ཡོད་པའི་དུད་ཁྱིམ་ཚང་མར་ཁྲོན་པ་དྲུས་པས་གློག་བཏང་མ་ཐག་ས་འོག་གི་ཆུ་དྭངས་མོ་འཐུང་རྒྱུ་བྱུང་བ་རེད་ཅེས་བཤད།
    གྲོང་མི་དབུལ་པོ་བསོད་མཚོའི་བུ་ལ་བརྒྱལ་གཟེར་གྱི་ནད་ཡོད་པས་སྔོན་དུས་སྨན་བཅོས་བྱེད་དུ་འགྲོ་བར་དཀའ་ཚེགས་ཆེ་ལ་ལམ་ཐག་རིང་ནའང་། ཧྲུའུ་ཅི་མཱ་ལགས་གྲོང་ཚོའི་ནང་འབྱོར་རྗེས་དུད་ཁྱིམ་རེ་རེའི་སྒོ་ཁའི་བར་ཨར་འདམ་ལམ་བཟོས་པར་བརྟེན་ཞིང་འབྲོག་པས་གཡུལ་ཁ་གཅོག་པ་དང་རྩྭ་བསྡུ་བ་གང་ཅིའི་ཐད་སྟབས་བདེ་རུ་ཕྱིན་སོང་ཞེས་བཤད།
     གྲོང་མི་དགེ་ལེགས་འཕྲིན་ལས་ཀྱིས། གྲོང་ཚོའི་མི་རེའི་ཆ་སྙོམས་ཀྱི་ས་ཞིང་དང་རྩྭ་སའི་རྒྱ་ཁྱོན་ཧ་ཅང་ཆུང་བས་ཐོན་ལས་ཡག་པོ་མེད། ཡོང་འབབ་མང་དུ་གཏོང་ཆེད་མཱ་ཁྲེང་ཞུའེ་ཡིས་བོད་ཀྱི་ལྷོ་ཁ་ནས་ནས་ནག་སོན་བཟང་འབོར་ཆེན་ནང་འདྲེན་བྱས་ཏེ་ས་ཞིང་མུའུ་1000བརྒྱུད་བཤུག་བྱས་ཏེ་དཀར་ཐུར་གྲོང་ཚོར་ནས་བཏབ་པར་ལོར་མི་རེར་ཆ་སྙོམས་ཁེ་བཟང་སྒོར་1000རག་པ་མ་ཟད། འདེབས་མཁན་འཇོན་ཐང་ཅན་ལ་ཁེ་བཟང་སྒོར་5000ཐོབ་ཅིང་། དེ་འཕྲོས་ཀྱི་ནས་ཀྱི་སོག་མ་ཡོངས་གྲོང་མིར་བགོས་ནས་གཟན་ཆག་བྱེད་ཀྱི་ཡོད་ཅེས་བཤད།
     ཉེ་བའི་ལོ་ཤས་རིང་། ཧྲུའུ་ཅི་མཱ་ལགས་ཀྱིས“ལས་ཀའི་ལེགས་ཆར་བརྟེན་ནས་གྲོང་ཚོར་རྣམ་གྲངས་མང་པོ་ལག་བསྟར་བྱས་པས་ཚང་མ་དབུལ་སྒྲོལ་གྱིས་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་སོང་ཡོད”ཅེས་དཀར་ཐུར་གྲོང་ཚོའི་ལས་བྱེད་པས་བཤད།
འོན་ཀྱང་དཀར་ཐུར་གྲོང་ཚོའི་མི་རྣམས་ཀྱིས་དེ་ཙམ་གསལ་པོ་མི་ཤེས་པ་ཞིག་ནི། འཕེལ་རྒྱས་ཀྱི་མ་དངུལ་མང་ཙམ་བརྩོན་ལེན་བྱེད་པའི་ཐད་མཱ་ཁྲེང་ཞུའེ་ཡིས་བསྟུད་མར་མཚན་གང་པོར་དབུལ་སྒྲོལ་རྣམ་གྲངས་ཀྱི་འཆར་འགོད་ལ་བཟོ་བཅོས་ཡང་ཡང་བརྒྱབ་མྱོང་བ་དང་། ཞིང་ཆེན་དང་ཀྲོའུ་དེ་བཞིན་རྫོང་བཅས་རིམ་གསུམ་འབྲེལ་ཡོད་སྡེ་ཚན་ལ་དཀར་ཐུར་གྲོང་ཚོའི་དཀའ་ངལ་གྱི་གནས་ཚུལ་སྐོར་སྙན་སེང་ཐེངས་མང་ཞུས་པ་དེ་དག་རེད།
     དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་བྱས་རྗེས། མཱ་ཁྲེང་ཞུའེ་ཡིས་གསར་འགོད་པ་ཁྲིད་དེ་སྐྱོ་བྲག་ཤང་ནས་ནང་ཆེན་རྫོང་གྲོང་དུ་བསྐྱོད་སའི་རྫོང་ལམ་གཙོ་བོར་བསྐྱོད། དཀར་ཐུར་གྲོང་ཚོའི་ཉེ་འདབས་སུ་འབྲུ་སྣུམ་སྒོ་རྩིས་ཚོང་ཁང་ཞིག་འགྲུབ་ལ་ཉེ་བ་དང་ཁ་སྤྲོད་ཀྱི་སྤང་ཐང་དུ་གུར་ཆེན་པོ་ཞིག་ཕུབ་ཡོད་ཅིང་། ཉིན་ཁ་ཤས་རྗེས་སུ་གྲོང་ཚོ་དེའི་སྣོད་བཅུད་མྱོང་རོལ་གྱི་ཡུལ་སྐོར་ལྟེ་གནས་སུ་འགྱུར་རྒྱུ་རེད།
    “འདི་གར་མི་ཚོགས་དང་འཁོར་རིགས་འགྲོ་འོང་མང་ལ། ཡུལ་ལྗོངས་མཛེས་ཁར་ཉེ་འཁོར་དུ་སྤྲོ་སེང་བྱེད་ས་ཉུང་བས་འབྲེལ་ཡོད་ཀྱི་དབུལ་སྐྱོར་ཐོན་ལས་དར་སྤེལ་གཏོང་རྒྱུར་འཚམ་པོ་ཡོད།”མི་འགྱང་བར་དཀར་ཐུར་གྲོང་ཚོའི་རུ་ཁག་3གྱི་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་གི་ཕྱུགས་ར་ཡང་འགྲུབ་ལ་ཉེ་བས། སྔོན་དཔག་ལྟར་ན། རུ་ཁག་རེས་འབྲི་གཡག་100མ་རྐང་དུ་འཇོག་རྒྱུ་དང་། ལོ་ལྟར་ཉུང་མཐར་ཡང་ཕྱུགས་30རེ་བཤས་གཏོང་རྒྱུ་ཡིན་པས་ཕྱིན་ཆད་ཡོང་འབབ་འཕར་ནས་ཁེ་བཟང་བགོ་བའི་མདུན་ལམ་རྒྱ་ཆེན་པོ་ཡོད་ཅེས་མཱ་ཁྲེང་ཞུའེ་ཡིས་བརྗོད།