འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་12ཉིན།

༄༅༎ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་50ལྷག་ཙམ་གྱིས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་འཕེལ་རྒྱས་ལ་མཉམ་དུ་གྲོས་བསྡུར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་12ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་10ཉིན་རྒྱལ་ཁབ་58ཀྱི་སྲིད་དོན་དང་ཚོང་དོན་མི་སྣ་དང་མཁས་དབང་ཤིས་ཨན་དུ་འཛོམས་ཏེ་2019ལོའི་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་གླེང་སྟེགས་ནང་ཞུགས་ནས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་དང་འཕེལ་རྒྱས་ལ་མཉམ་དུ་གྲོས་བསྡུར་བྱས་པ་རེད།
     2019ལོའི་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་གླེང་སྟེགས་ཟླ་9ཚེས་10ནས་12ཉིན་བར་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་པ་དང་དེའི་བརྗོད་དོན་གཙོ་བོ་ནི“‘རྒྱུད་གཅིག་ལམ་གཅིག’མཉམ་དུ་སྐྲུན། ཆུ་ཚད་མཐོ་པོའི་མཉམ་ལས་དང་སྤུས་ཚད་མཐོ་པོའི་འཕེལ་རྒྱས”ཞེས་པ་དེ་ཡིན། དེའི་དམིགས་ཡུལ་ནི་ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དབར་ཁྱབ་ཁོངས་མང་པོ་དང་རིམ་པ་མང་པོའི་ཐོག་ནས་སྐད་ཆ་ཤོད་རེས་བྱས་ཏེ་རྒྱལ་ཁབ་ཀྱི་ངོས་དང་། རྒྱལ་སྤྱིའི་རྩ་འཛུགས། ཁེ་ལས་ཆེ་གྲས། ས་གནས་སྲིད་གཞུང་བཅས་རྒྱ་ཁྱབ་ངང་ཞུགས་པའི་རོགས་ཟླའི་འབྲེལ་བ་ཆགས་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།
     སྐབས་འདིའི་གླེང་སྟེགས་ལ་འགོ་འཛུགས་མཛད་སྒོ་དང་ཚང་འཛོམས་ཚོགས་ཆེན་བཀོད་སྒྲིག་བྱས་ཡོད་ལ། དངུལ་རྩ་དང་། སྣོད་བཅུད། རིག་གནས་ཡུལ་སྐོར། གནམ་གཤིས། ཚན་རྩལ་སོགས་ཀྱི་རིམ་མཚུངས་ཡན་ལག་ཚོགས་འདུ་10བཀོད་སྒྲིག་ཀྱང་བྱས་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་དང་། ལྟ་ཞིབ་པའི་རྒྱལ་ཁབ། སྐད་ཆ་ཤོད་རེས་ཀྱི་རོགས་ཟླའི་རྒྱལ་ཁབ་བཅས་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཀྱི་སྲིད་གཞུང་གི་གཙོ་བདག་དང་གལ་ཆེའི་མི་སྣ། རྒྱལ་སྤྱིའི་རྩ་འཛུགས་གལ་ཆེན་གྱི་སྐུ་ཚབ། འབྲེལ་ཡོད་རྒྱལ་ཁབ་ཀྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ། རྒྱལ་ཁབ་ཕྱི་ནང་གི་མཛའ་གྲོགས་གྲོང་ཁྱེར་གྱི་སྐུ་ཚབ། རྒྱལ་ཁབ་ཕྱི་ནང་གི་ཚོང་ཚོགས་རྩ་འཛུགས་ཀྱི་སྐུ་ཚབ། འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500དང་། ཀྲུང་དབྱང་གི་ཁེ་ལས་ཆེ་གྲས། རྒྱལ་ཁབ་ཕྱི་ནང་གི་དངུལ་རྩའི་སྒྲིག་གཞི་བཅས་ཀྱི་འགན་འཁུར་བ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་མི་སྟོང་ལྷག་ཙམ་ཚོགས་འདུར་ཞུགས་རྒྱུ་ཡིན་པ་རེད།