འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་10ཉིན།

༄༅༎ཐན་ཙན་ནི་ཡ་དང་ཝུ་ཀན་ཏ་རྒྱལ་ཁབ་གཉིས་པོའི་ཙུང་ཐུང་ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པའི་ཉི་ལར་ཐང་ཆེན་གྱི་
རྣམ་གྲངས་ལས་མཇུག་འགྲིལ་བའི་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་10ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་རེ་སི་ས་ལམ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པ་དང་འབྲེལ་མ་འཇོག་ནང་ཞུགས་པའི་ཉི་ལེར་ཐང་ཆེན་གྱི་རྣམ་གྲངས་ལས་མཇུག་འགྲིལ་བའི་མཛད་སྒོ་ཏ་རེ་སི་ས་ལམ་དུ་འཚོགས་ཤིང་། ཐན་ཙན་ནི་ཡའི་ཙུང་ཐུང་མཱ་ཀུའུ་ཕུའུ་ལི་དང་འཚམས་འདྲིར་ཕེབས་པའི་ཝུ་ཀན་ཏའི་ཙུང་ཐུང་མུའུ་སའེ་ཝུའེ་ཉི་མཛད་སྒོར་ཞུགས་པ་རེད།
     མཱ་ཀུའུ་ཕུའུ་ལིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ལས་གྲྭ་ཚོགས་པས་ལོ་མང་རིང་ཐན་ཙན་ནི་ཡ་འཕེལ་རྒྱས་གཏོང་ཕྱིར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་ཁོང་གིས“ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ལས་གྲྭ་ཚོགས་པས་ཐན་ཙན་ནི་ཡར་བརྗིད་ཉམས་ཆེ་བའི་དེང་རབས་ཅན་གྱི་ཐོགས་བརྩེགས་ཁང་ཆེན་དེ་འདྲ་ཞིག་བསྐྲུན་བྱུང་། ཁོང་ཚོའི་ལས་ཀ་དངོས་འབྲེལ་གཟེངས་སུ་ཐོན་པ་ཞིག་འདུག”ཅེས་བརྗོད་པ་རེད།
     མུའུ་སའེ་ཝུའེ་ཉི་ཡིས་རྣམ་གྲངས་ལས་མཇུག་འགྲིལ་བར་རྟེན་འབྲེལ་ཞུས་པ་དང་འབྲེལ། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ལས་གྲྭ་ཚོགས་པས་ད་བར་ཝུ་ཀན་ཏའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
     ཐན་ཙན་ཉི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཁེས། རྣམ་གྲངས་དེ་ནི་ཐན་ཙན་ནི་ཡའི་ཙུང་ཐུང་ཟུར་པ་ཉི་ལེར་དང་ཀྲུང་ཐན་རྒྱལ་ཁབ་གཉིས་པོའི་དབར་གྱི་སྲ་ཞིང་བརྟན་པའི་སྲོལ་རྒྱུན་མཛའ་གྲོགས་མཚོན་པའི་དྲན་རྟེན་ཡག་ཤོས་ཤིག་རེད་ཅེས་བརྗོད་པ་རེད།