འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་9ཉིན།

༄༅༎བོད་ལྗོངས་ཀྱིས་ཕུང་པོ་ཞལ་འདེབས་དང་ལེན་ས་ཚིགས་ཐོག་མ་བཙུགས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་09ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་ཕུང་པོ་ཞལ་འདེབས་དང་ལེན་ས་ཚིགས་ཐོག་མ་དེ་ཉིན་ཤས་གོང་བོད་ལྗོངས་སློབ་ཆེན་དུ་སྒོ་བྱང་བཀལ་ནས་བཙུགས་པ་རེད། དེས་བོད་ལྗོངས་ཀྱི་ཕུང་པོ་དང་དབང་པོ་ཞལ་འདེབས་འབུལ་བའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཕུང་པོ་ཞལ་འདེབས་དང་ལེན་ས་ཚིགས་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་དུ་བཀོད་སྒྲིག་ལེགས་གྲུབ་བྱུང་བ་ཡང་མཚོན་ཡོད། 
     ཕུང་པོ་དང་དབང་པོ་ཞལ་འདེབས་འབུལ་རྒྱུ་ནི་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་ལྟེ་བའི་ལས་སྒོ“སྐྱོབ་པ་གསུམ་དང་འབུལ་བ་གསུམ”(འཕྲལ་སྡོམ་རོགས་སྐྱོབ་དང་། བབ་བསྟུན་མྱུར་སྐྱོབ། མི་ཆོས་རོགས་སྐྱོབ། རིན་མེད་ངང་ཁྲག་འབུལ་དང་། ཁྲག་བཟོ་གཞུང་རྐང་ཕྲ་ཕུང་ཞལ་འདེབས། ཕུང་པོ་དང་དབང་པོ་ཞལ་འདེབས) གྱི་ནང་དོན་ཞིག་ཡིན། ལོ་རེའི་དྭངས་གསལ་དུས་ཚིགས་ལ་རྒྱལ་ཁབ་ཡོངས་ཀྱི་ས་གནས་ཁག་གིས་ཕུང་པོ་དང་དབང་པོ་ཞལ་འདེབས་འབུལ་མཁན་དེ་དག་ལ་མྱ་ངན་ཞུས་པ་དང་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བ་རེད། བོད་ལྗོངས་ཀྱི་ཕུང་པོ་དང་དབང་པོ་རང་འདོད་ཀྱིས་ཞལ་འདེབས་འབུལ་བའི་བྱ་གཞག་འགོ་བཙུགས་པ་འཕྱི་སྟེ། མིག་སྔར་ཐོ་བཀོད་པའི་མི་སྣ་300ཡང་ཟིན་མེད། 2018ལོར་བོད་ཀྱིས་དབང་པོ་ཞལ་འདེབས་འབུལ་བའི་གཤགས་བཅོས་ཐེངས་དང་པོ་བྱས་པ་དང་། དབང་པོ་ཞལ་འདེབས་འབུལ་མཁན་གྱིས་ནད་པ་མང་པོའི་ཚེ་སྲོག་བསྐྱབས་པ་རེད། 
     བོད་ལྗོངས་སློབ་ཆེན་གྱི་སློབ་སྤྱི་ཅི་ཅའེ་ཀྲུའུ་ཡིས། དམིགས་བསལ་གྱི་གཤིན་པོ་དུར་འཇུག་གི་གོམས་སྲོལ་དང་འགྲིམ་འགྲུལ་སྟབས་བདེ་མེད་པ་སོགས་ཀྱི་རྐྱེན་པས་བོད་ལྗོངས་ཀྱི་གསོ་རིག་ཆེད་ལས་ཀྱི་སློབ་ཁྲིད་དམར་དཔེ་ཤིན་ཏུ་དཀོན་པོ་འདུག ཡུལ་མིར་གལ་ཏེ་ཞལ་འདེབས་འབུལ་འདོད་ཡོད་ཚེ་རྒྱ་གྲམ་དམར་རྟགས་ཚོགས་པར་ཐོ་འགོད་བྱས་རྗེས་དང་ལེན་ས་ཚིགས་ལ་སྤྲད་ནས་ཞལ་འདེབས་ཕུལ་ཆོག དེས་བོད་ཀྱི་གསོ་རིག་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་དང་སློབ་ཁྲིད་ཚན་ཞིབ་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད།