འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་9ཉིན།

༄༅༎མངའ་རིས་ཀྱི་རི་ཁུལ་རྐང་འཁོར་བྱེས་བགྲོད་འགྲན་སློང་འགྲན་བསྡུར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་09ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། 2019ལོའི་སྐབས་གཉིས་པའི་མངའ་རིས་ཀྱི་རི་ཁུལ་རྐང་འཁོར་བྱེས་བགྲོད་འགྲན་སློང་འགྲན་བསྡུར་ཚེས་7ཉིན་མ་ཕམ་གཡུ་མཚོའི་འགྲམ་དུ་འགོ་ཚུགས་ཤིང་། མཐར་མཚོ་སྔོན་ནས་ཡོང་བའི་ཝུའེ་ཁུའེ་དང་ཧྲའན་ཤིས་ནས་ཡོང་བའི་ཀྲང་ཤིས་ཤིས་ཀྱིས་ཆུ་ཚོད་1དང་སྐར་མ་52དང་སྐར་ཆ་53དང་སྐར་ཆུང་058དང་ཆུ་ཚོད་2དང་སྐར་མ་8དང་སྐར་ཆ་35དང་སྐར་ཆུང་05ཡི་གྲུབ་འབྲས་ཐོག་ནས་སྐྱེས་པ་དང་བུད་མེད་ཚོགས་ཆུང་གི་ཨང་དང་པོ་བླངས་པ་རེད།
     ད་ཐེངས་ཀྱི་འགྲན་བསྡུར་ནང་རྒྱལ་ཡོངས་ཀྱི་རྐང་འཁོར་རུ་ཁག་8དང་བདམས་ཐོན་པ་38ཞུགས་ཡོད་པ་རེད། འགྲན་བསྡུར་དེ་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་གཉེར་བ་དང་། བདམས་ཐོན་པས་ཡུལ་སྐོར་བྱེད་ཡུལ་གྲགས་ཅན་མ་ཕམ་གཡུ་མཚོ་བརྒྱུད་ནས་སྤྱི་ལེ་57བསྐྱོད་པ་དང་། འགྲན་ལམ་གྱི་ཆ་སྙོམས་ས་བབ་སྨི་4600ཟིན་ཞིང་། དེའི་ནང་བྱེ་རྡོའི་ལམ་དུམ་དང་། ཆུ་སྒྲོལ་ལམ་དུམ། གྱེན་ལམ་དུམ་བུ་སོགས་ཚུད་ཡོད།
     ལོ་32ལ་སླེབས་པའི་ཝུའེ་ཁུའེ་འགྲན་བསྡུར་དེར་ཞུགས་ཐེངས་དང་པོ་ཡིན་པ་དང་འབྲེལ་ཨང་དང་པོ་ཡང་བླངས་ཡོད། ཉེ་བའི་ལོ་བདུན་རིང་ཁོང་གིས་བོད་ལྗོངས་ཀྱི་རྐང་འཁོར་འགྲན་བསྡུར་མང་པོའི་ནང་ཨང་དང་པོ་བླངས་ཡོད།
     ཝུའེ་ཁུའེ་ཡིས་ད་ཐེངས་མངའ་རིས་འགྲན་བསྡུར་གྱི་ཆ་སྙོམས་ས་བབ་མཐོ་ཤོས་ཡིན་པས། གསོ་རླངས་ཧ་ཅང་དཀོན་པོ་ཡོད། འོན་ཀྱང་ཁོང་ད་ཐེངས་ཀྱི་འགྲན་བསྡུར་ནང་ཞུགས་སྐབས་སེམས་པ་ལྷོད་པོ་ཡོད་པ་ནི། “མངའ་རིས་ལྟ་ན་སྡུག་པ་དང། འགྲན་ལམ་མ་ཕམ་གཡུ་མཚོ་དང་ཐག་ཉེ་པོ་ཡོད་པས་འགྲན་བསྡུར་ཧྲིལ་པོ་ལོངས་སྤྱོད་ཞིག་དང་མཚུངས”ཞེས་བཤད།
     ཀྲང་ཤིས་ཤིས་ཀྱིས་ཐེངས་འདིའི་འགྲན་བསྡུར་ཁྲོད་བུད་མེད་ཚོགས་ཆུང་གི་ཨང་དང་པོ་བླངས་པ་རེད། ལོ་33ལ་སླེབས་པའི་ཁོང་2013ལོ་ནས་བཟུང་བོད་ལྗོངས་སུ་ཡོང་ནས་རྐང་འཁོར་འགྲན་བསྡུར་ནང་ཞུགས་འགོ་ཚུགས་པ་དང་། 2016ལོ་དང་2017ལོར་ཕྲུ་གུ་བཙས་རྗེས་མགྱོགས་མྱུར་འགྲན་རར་ཕྱིར་ལོག་པ་རེད། “དགའ་ཞེན་ཡོད་པ་ཕུད། དེ་བས་རང་ཉིད་ལ་འགྲན་སློང་བྱེད་པ་ཞིག་ཡིན་པ་མ་ཟད། ད་དུང་འགྲན་བསྡུར་ཁྲོད་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་ཉམས་སུ་མྱོང་ཐུབ”ཅེས་བཤད།
     རྐང་འཁོར་ལུས་རྩལ་ནི་ཐཱན་ཉུང་བ་དང་། ཁོར་ཡུག་སྲུང་སྐྱོང་། བདེ་ཐང་བཅས་ཀྱི་ལུས་རྩལ་ཞིག་ཡིན་ལ། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྟངས་གལ་ཆེན་ཞིག་ཀྱང་ཡིན། ལོ་45ལ་སླེབས་པའི་ཟླ་བ་ཚེ་རིང་གིས་དེའི་ཐད་མྱོང་ཚོར་ཆེན་པོ་ཡོད་པ་རེད།
     ཁོང་ནི་ཐེངས་འདིའི་འགྲན་བསྡུར་ཁྲོད་ཀྱི་ལོ་ན་ཆེ་ཤོས་ཀྱི་བདམས་ཐོན་པ་ཞིག་ཡིན། ལོ་14ཡི་གོང་ཟླ་བ་ཚེ་རིང་གིས་ཤ་སྐམ་དུ་གཏོང་ཆེད་རྐང་འཁོར་བཞོན་འགོ་ཚུགས་ཡོད། ད་བར་རྐང་འཁོར་འགྲན་བསྡུར་ཐེངས་བརྒྱ་ཙམ་ལ་ཞུགས་མྱོང་། ད་ཆ་ཁོང་གི་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་120ལྷག་ཙམ་ནས་སྤྱི་རྒྱ་75ལྷག་ཙམ་བར་ཆག་པ་མ་ཟད། ད་དུང་ལྗོངས་ནང་ཁུལ་གྱི་ཨང་གསུམ་པ་ཡན་གྱི་གྲུབ་འབྲས་ཀྱང་བླངས་མྱོང་།
     “དེ་སྔ་རྒྱགས་པ་ཆགས་ནས་ལྟོ་བར་ཕོར་པ་བཞག་ཆོག་གི་ཡོད། ལྟོས་དང་། ད་ལྟ་ཇི་འདྲའི་སྐྱེ་སྟོབས་ལྡན་པ་ཞིག་མི་འདུག་གམ་”ཅེས་ཟླ་བ་ཚེ་རིང་གིས་བཤད།
     ད་ཐེངས་ཀྱི་འགྲན་བསྡུར་དེ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཐོན་ལས་དང་སྒྲིག་བཀོད་གསར་སྤེལ་དོ་དམ་ལྟེ་གནས་དང་། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་མི་དམངས་སྲིད་གཞུང་། མངའ་རིས་ས་ཁུལ་སློབ་གསོ(ལུས་རྩལ)ཅུས་བཅས་ཀྱིས་གཉེར་འགན་ཁུར་བ་ཞིག་རེད།