འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་4ཉིན།

༄༅༎ཕྱི་འབྲེལ་པུས་ཨ་རི་ཕྱོགས་ལ་ཤིན་ཅང་དང་འབྲེལ་བའི་གནད་དོན་སྤྱད་དེ་ཀྲུང་གོར་བྱུང་རྒྱལ་དུ་སྐྱོན་འཛུགས་
བྱེད་མཚམས་འཇོག་དགོས་པའི་གསལ་འདེབས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་04ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཨ་རིའི་རྒྱལ་དོན་བློན་ཆེན་ཕུང་ཕེ་ཨའོ་ཡིས་རྩོམ་ཡིག་ཞིག་སྤེལ་ནས་ཀྲུང་གོའི་ཤིན་ཅང་གི“སློབ་གསོ་གསོ་སྦྱོང་ལྟེ་གནས”ཀྱི་གནད་དོན་ཐད་དགེ་མཚན་མེད་པའི་གཏམ་བརྗོད་སྤེལ་བར་དམིགས་ནས། ཚེས་3ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཨ་རི་ཕྱོགས་ཀྱི་མི་ཁག་གཅིག་གིས་ཤིན་ཅང་དང་འབྲེལ་བ་ཡོད་པ་སོགས་ཀྱི་གནད་དོན་སྤྱད་དེ་ཀྲུང་གོ་ཕྱོགས་ལ་བྱུང་རྒྱལ་དུ་སྐྱོན་འཛུགས་བྱེད་མཚམས་འཇོག་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་གསལ་འདེབས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཀེང་ཧྲོང་གིས་“འབྲེལ་ཡོད་རྩོམ་ཡིག་ནང་གཏམ་རྙིང་བསྐྱར་བརྗོད་ཀྱིས་ཀྲུང་གོ་ཕྱོགས་ལ་དོན་མེད་སྐྱོན་འཛུགས་བྱས་ཡོད། ང་ཚོས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ཨ་རི་ཕྱོགས་དང་དྲང་ནན་གྱི་སྐད་ཆ་བྱ་རྒྱུ་ཡིན”ཞེས་དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་བཤད་པ་རེད།
     ཁོང་གིས་ཤིན་ཅང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས་ཕྱི་རྒྱལ་ལ་ཐེ་ཇུས་བྱེད་དབང་མེད། ཀྲུང་གོ་སྲིད་གཞུང་གིས་ཉིན་ཤས་གོང་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་ནས་ཤིན་ཅང་གི་ལས་རིགས་རྩལ་ནུས་སློབ་གསོ་གསོ་སྦྱོང་ལས་དོན་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཡོད། ཤིན་ཅང་ས་གནས་སྲིད་གཞུང་གིས་ཁྲིམས་ལྟར་ལས་རིགས་རྩལ་ནུས་སློབ་གསོ་གསོ་སྦྱོང་ལྟེ་གནས་བཙུགས་པ་དེ་ནི་འཇིགས་སྐུལ་ཕྱོགས་གཏོགས་ཀྱིས་མགོ་སྐོར་གཏོང་བ་དང་ཐ་ན་དེའི་ནང་ཞུགས་ནས་ཉེས་གསོག་གི་བྱེད་སྤྱོད་ཕྲན་བུ་སྤེལ་ཡོད་པའི་མི་སྣ་སྐྱོབ་ནས་ཁོང་ཚོ་ཐལ་སྐྱོད་བསམ་བློའི་འཆིང་རྒྱ་ལས་ཐར་བའི་ཆེད་དུ་ཡིན། མིག་སྔར་ཤིན་ཅང་གི་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡིན་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལེགས་པ། མི་རིགས་ཁག་འཆམ་མཐུན་མཉམ་གནས་བཅས་བྱུང་བས། ལོ་གསུམ་རིང་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་ཐོན་མེད་པས། ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱིས་སྲིད་གཞུང་གི་འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ལ་རྒྱ་ཁྱབ་ངང་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
     ཀེང་ཧྲོང་གིས། ཉེ་ཆར་ལོ་སི་དང་། ཁམ་ཕུ་ཁྲེ། ཧྥི་ལི་ཕིན། ནེ་པ་ལ། སི་ལེ་ལན་ཁ་། པ་རེན། ནི་ཀྲེ་རི་ཡ་བཅས་རྒྱལ་ཁབ་བདུན་གྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་དང་དེ་བཞིན་གཞུང་ཚབ་འཐུས་མི་ཤིན་ཅང་དུ་ལྟ་སྐོར་དང་འཚམས་འདྲིར་བསྐྱོད་དེ་ཤིན་ཅང་གི་ལས་རིགས་རྩལ་ནུས་སློབ་གསོ་གསོ་སྦྱོང་ལྟེ་གནས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཀྲུང་གོ་སྲིད་གཞུང་གིས་ཁྲིམས་ལྟར་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བཏང་བ་དང་སྔོན་འགོག་ཐད་བསྒྲུབས་པའི་ལས་དོན་ལ་གདེང་འཇོག་ཡག་པོ་གནང་ནས་ཤིན་ཅང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་པའི་ངོས་འཛིན་ཡང་གནང་ཡོད་པ་རེད་ཅེས་བརྗོད་པ་རེད།
     ཀེང་ཧྲོང་གིས་“ང་ཚོས་ཨ་རི་ཕྱོགས་ཀྱི་མི་ཁག་གཅིག་ལ་མདོག་ལྡན་མིག་ཤེལ་ཕུད་དེ་འཇམ་འཐབ་ཀྱི་བསམ་བློ་དོར་ནས་ཤིན་ཅང་དང་འབྲེལ་བ་ཡོད་པའི་གནད་དོན་སྤྱད་དེ་ཀྲུང་གོ་ཕྱོགས་ལ་བྱུང་རྒྱལ་དུ་སྐྱོན་འཛུགས་བྱེད་མཚམས་འཇོག་དགོས་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་བཞག་སྟེ། ཀྲུང་གོ་དང་ཨ་རི་དབར་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱ་རྒྱུར་ཕན་པའི་བྱ་བ་མང་ཙམ་བསྒྲུབ་དགོས་པ་ལས་དེ་ལས་ལྡོག་པའི་བྱ་བ་མི་སྒྲུབ་རྒྱུའི་གསལ་འདེབས་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།