འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་4ཉིན།

༄༅༎རྒྱལ་ཡོངས་ཀྱི་བོད་ཡིག་གནའ་གཞུང་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག་གི་མཐོ་རིམ་གླེང་སྟེགས་
སྐབས་གསུམ་པ་ཁྲིན་ཏུའུ་རུ་གཉེར་རྒྱུ་ཡིན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་04ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་བོད་ཡིག་གནའ་གཞུང་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག་གི་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་ཟླ་9ཚེས་6ཉིན་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན། ད་ཐེངས་ཀྱི་གླེང་སྟེགས་འདི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དང་དེ་བཞིན་ས་ཁུལ་གཞན་དག་གི་ཚན་ཞིབ་ལས་ཁུངས་དང་། གནའ་གཞུང་ལེགས་སྒྲིག་ཚན་པ། དཔེ་མཛོད་ཁང་། མཐོ་རིམ་སློབ་གླིང་བཅུ་ཕྲག་ཁ་ཤས་སོགས་འབྲེལ་ཡོད་སྡེ་ཚན་གྱི་རིགས་གཅིག་མཁས་པ་190གདན་ཞུས་ལྟར་བོད་ཡིག་གནའ་གཞུང་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག་ཐད་གྲོས་བསྡུར་གཏིང་ཟབ་བྱ་རྒྱུ་རེད། 
     2017ལོར་རྒྱལ་ཡོངས་ཀྱི་བོད་ཡིག་གནའ་གཞུང་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག་གི་མཐོ་རིམ་གླེང་སྟེགས་ཐེངས་དང་པོ་གཉེར་ཚུན། རྒྱལ་ཡོངས་ཀྱི་བོད་ཡིག་གནའ་གཞུང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ལས་དོན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བོད་ཡིག་གནའ་གཞུང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གི་ཆུ་ཚད་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཧུར་ཐག་གཏོང་བ། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། བོད་ལྗོངས་དང་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། དེ་དང་ཆབས་ཅིག་དཔེ་རྙིང་ཚད་ལྡན་ཡིག་ཆ་ཞིབ་འཇུག་པས་བསམ་བློ་སྤེལ་རེས་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། མཉམ་ལས་ལ་ཤུགས་སྣོན་བཅས་བྱ་རྒྱུར་ལས་སྟེགས་གལ་ཆེན་ཞིག་ཀྱང་མཁོ་འདོན་བྱས་ཡོད། 
     ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ད་ཐེངས་ཚོགས་ཞུགས་འཐུས་མིར“བོད་ཡིག་གནའ་གཞུང་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་གྱི་འཛུགས་སྐྲུན་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི”གྲོས་འགོའི་ཡི་གེ་བཏོན་པ་དང་འབྲེལ། “བོད་ཡིག་གནའ་གཞུང་ཚད་ལྡན་ཡིག་ཆ་རིགས་དབྱེ་བྱེད་ཐབས(ཚོད་ལྟའི་ཇུས་གཞི)”གྲུབ་ཚུལ་སྐོར་གསལ་བཤད་བྱས་ཡོད། དེ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་བོད་ཡིག་གནའ་གཞུང་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་གྱི་འཛུགས་སྐྲུན་མཉམ་སྐྲུན་མཉམ་སྤྱོད་ལ་སྣེ་ཁྲིད་དང་མཐུན་སྦྱོར་བྱེད་པའི་ཐད་བཏོན་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ནོ༎