འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་2ཉིན།

༄༅༎བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་2019ལོའི་པར་གཞིའི་མི་དམངས་ཤོག་སྒོར་ཁག་ལྔ་པ་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་02ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན། བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་2019ལོའི་པར་གཞིའི་མི་དམངས་ཤོག་སྒོར་སྒོར་50དང་། སྒོར་20 སྒོར་10 སྒོར་1བཅས་དང་། སྒོར་1དང་། སྒོར་ཟུར་5  སྒོར་ཟུར་1བཅས་ཀྱི་དངུལ་ཊམ་དངོས་སུ་འགྲེམས་སྤེལ་བྱས་པ་རེད།
     ད་ཐེངས་འགྲེམས་སྤེལ་བྱས་པའི་ཤོག་སྒོར་དང་དངུལ་ཊམ་གྱིས་ད་ལྟ་འཁོར་རྒྱུག་བྱེད་བཞིན་པའི་མི་དམངས་ཤོག་སྒོར་གྱི་རི་མོ་གཙོ་བོ་དང་ཇུས་འགོད་ཀྱི་རྒྱུ་རྐྱེན་གཙོ་བོ་འགྱུར་བ་མེད་པར་རྒྱུན་འཁྱོངས་བྱས་ཡོད་ལ། ཤོག་སྒོར་(དངུལ་ཊམ་)ངོས་ཀྱི་ཕན་ནུས་དང་རྫུན་འགོག་གི་ཁྱད་ཆོས་དང་དེ་བཞིན་བཀོད་པ་སོགས་ལ་ལེགས་སྒྲིག་བྱས་ཡོད། ཚོན་མདོག་བཀྲག་ཚད་དང་གསལ་ཚད་མཐོ་རུ་བཏང་བ་དང་། ངོས་ཀྱི་གྲུབ་ཆའི་རིམ་པ་དང་ཕན་ནུས་ལེགས་སུ་བཏང་བ། སྤྱི་ཡོངས་ཀྱི་རྫུན་འགོག་ནུས་པ་ཆེ་རུ་བཏང་བ་བཅས་བྱས་ཡོད་པས། དེ་བས་མཛེས་པ་དང་། དབྱེ་འབྱེད་བྱེད་སླ་བ། འཁོར་རྒྱུག་ཡུན་རིང་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་གིས་གྲབས་གསོག་ཧུར་ཐག་བྱས་པ་དང་ཐབས་མང་མཉམ་སྤྱོད་ཀྱིས་དངུལ་ལོར་གསར་པའི་འགྲེམས་སྤེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱས་པས། ཁོངས་གཏོགས་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་ས་བབ་མཐོ་བ་དང་ལམ་ཐག་རིང་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་ལམ་ཐག་སྤྱི་ལེ་6600བསྐྱོད་ནས་བོད་ལྗོངས་སུ་མི་དམངས་ཤོག་སྒོར་གསར་པ་གཏོང་སྤྲོད་དང་བཀོད་སྒྲིག་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱས་པ་མ་ཟད། མི་དམངས་ཤོག་སྒོར་གསར་པའི་དངུལ་ཁང་གི་དངུལ་སྨར་འཕྲུལ་ཆས་རིམ་སྤོར་ཞིབ་བཤེར་རྩིས་ལེན་དང་དངུལ་ཁང་གི་དངུལ་སྨར་ལས་དོན་མི་སྣ་གསོ་སྦྱོང་ལས་དོན་སྔ་སྣུར་དུ་གཅིག་གྱུར་འཆར་འགོད་བྱས་ཡོད་པ་རེད།
     མིག་སྔའི་བར་ཁོངས་གཏོགས་དངུལ་ཁང་གི་དངུལ་སྨར་ལས་དོན་པ་4000ཙམ་ཁག་གསུམ་ལ་དབྱེ་ནས་གསོ་སྦྱོང་ནང་ཞུགས་ཡོད་པ་དང་། ཁོངས་གཏོགས་ཀྱི་དངུལ་སྨར་འཕྲུལ་ཆས3100ལྷག་ཙམ་དང་དེ་བཞིན་གཙང་རྩིས་ལོགས་དབྱེ་འཕྲུལ་ཆས600ཙམ་གྱི་རིམ་སྤོར་ཞིབ་བཤེར་རྩིས་ལེན་ལས་དོན་ལེགས་གྲུབ་ཟིན་པ་རེད། དུས་མཉམ་དུ་ཁོངས་གཏོགས་ཡོངས་མཉམ་འགུལ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་མི་དམངས་ཤོག་སྒོར་གསར་པའི་དྲིལ་བསྒྲགས་ལས་དོན་སྤེལ་ཡོད་པ་རེད།
     འགྲེམས་སྤེལ་ཉིན་མོའི་རྗེས། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་གིས་ད་དུང་ལས་དོན་ཁག་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ཁོངས་གཏོགས་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་དྲ་ཚིགས་དང་དེ་བཞིན་དེའི་ཞིང་རོགས་དངུལ་རྩའི་ཞབས་ཞུའི་ས་ཚིགས་གང་ལེགས་སྤྱད་པ་དང་། རིགས་ཁག་གི་སྨྱན་སྦྱོར་སྟེགས་བུ་སྤྱད་དེ་དྲིལ་བསྒྲགས་གནས་ལ་སླེབས་པ་དང་ཞབས་ཞུ་གནས་ལ་འཁེལ་བ་མཐའ་འཁྱོངས་བྱས་ཏེ་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མི་དམངས་ཤོག་སྒོར་གསར་པ་ཤེས་རྟོགས་ཐུབ་ཚད་ཆེ་རུ་ཤུགས་ཆེན་བཏང་སྟེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་སྔ་ནུབ་ཏུ་པར་གཞི་གསར་པའི་མི་དམངས་ཤོག་སྒོར་ལས་བྱུང་བའི་མྱོང་ཚོར་གསར་པ་ཚོར་ཐུབ་པ་བྱས་པ་རེད།