འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་2ཉིན།

༄༅།།ཨ་རིའི་འབྲེལ་ཡོད་ཆབ་སྲིད་མི་སྣའི་ཤང་ཀང་ཟིང་ཆ་བྱུང་བར་འདོད་པའི་བསམ་ངན་ཀུན་གྱིས་མཐོང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་02ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན། སྨྱན་སྦྱོར་གྱིས་ཨ་རིའི་གྲོས་ཁང་འོག་མའི་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨུན་ཀེར་དང་གྲོས་མི་མའེ་ཁའོ་ཡིས་གསལ་བསྒྲགས་སྤེལ་བའི་ནང་། མཐའ་དྲག་གཏུམ་སྤྱོད་པས་“གུས་འདུད་ཞུ་འོས་པའི་སྙིང་སྟོབས”མངོན་ཡོད་ཅེས་བཤད་ནས། ཀྲུང་དབྱང་སྲིད་གཞུང་གིས་ཤང་ཀང་གི་སྲིད་ཇུས་ལ་དམའ་འབེབས་བྱས་པ་དང་། དམིགས་བསལ་སྲིད་འཛིན་ཁུལ་དུ་ཁྲིམས་ལྟར་སྲིད་བསྟར་བྱས་པ་ལ་བྱུང་རྒྱལ་དུ་སྐྱོན་བཙུགས་པའི་ནོར་འཁྲུལ་གྱི་བྱ་སྤྱོད་ལ་དམིགས་ནས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་བྱེད་པའི་ཕྱི་འབྲེལ་པུའུ་ཡི་ཆེད་མངགས་སྤྱི་ཁང་གིས་ཚེས་1ཉིན་བསྟན་དོན། ཨ་རིའི་འབྲེལ་ཡོད་ཆབ་སྲིད་མི་སྣས་དོན་དངོས་སྣང་མེད་དུ་བཞག་ཅིང་། ཡིན་མིན་མགོ་མཇུག་ལྡོག་སྟེ། བསམ་ངན་བཅངས་ནས་མངོན་སུམ་འཛེམ་མེད་ངང་ཤང་ཀང་གི་ལས་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱས་པས། དེའི་ཐད་ལ་སྐྱོན་བརྗོད་དྲག་པོ་བྱས། 
     མགྲིན་ཚབ་པས་བསྟན་དོན། མཐའ་དྲག་གཏུམ་སྤྱོད་པའི་བྱེད་ཐབས་གདུག་རྩུབ་ཆེ་ཞིང་ངོ་བོ་ངན་པ་དེ་འཛམ་གླིང་དུའང་མཐོང་དཀོན་པས། ཤང་ཀང་གི་ཉེན་རྟོག་པས་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ཚད་དམའ་ཤོས་ཀྱི་དྲག་ཤུགས་མི་སྤྱོད་ཐབས་མེད་དུ་གྱུར་ཡོད། དེ་ནི་རྒྱུ་འབྲས་ཡིན་ལ་འགྲིག་མིན་གསལ་པོ་ཡོད་པས། ཕྱོགས་རིས་མེད་མཁན་ཞིག་ཡིན་ནས་བཟུང་བརྡར་ཤ་ཡང་དག་གཅོད་ཐུབ། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་མི་ཁ་ཤས་ཀྱིས་སྔར་བཞིན་ཧམ་བཤད་དང་། འཛེམ་ཟོན་མེད་པའི་ངང་གཏུམ་སྤྱོད་པ་མཛེས་བཟོ་བྱེད་པ་དང་། བརྙས་ཁུར་འགན་སྒྲུབ་ཀྱི་ཤང་ཀང་གི་ཉེན་རྟོག་པ་ལ་སྐྱོན་མེད་སྐྱོན་འཛུགས་བྱས་ཡོད། འོ་ན་ཤང་ཀང་གི་ཉེན་རྟོག་པས་ཟུར་ནས་ལྟད་མོ་བལྟས་ནས། ཤང་ཀང་གི་ཁྲིམས་སྐྱོང་གང་འདོད་དུ་ནུབ་པར་བཅུག་ན་ཁྱོད་ཚོའི་རེ་བ་འགྲུབ་པ་ཡིན་ནམ། ཁྱོད་ཚོས་ཨ་རིར་བྱུང་བའི་འདི་འདྲའི་གཏུམ་སྤྱོད་ལ་སྙིང་རྗེ་སྤུ་ཙམ་མེད་པའི་ངང་ཁ་འདུལ་སྨྱུག་འདུལ་དང་དྲག་གནོན་བྱེད་ཀྱི་ཡོད། འདི་འདྲའི་ཚད་གཞི་ཉིས་བརྩེགས་དང་ངོ་ཚ་མེད་པའི་རིག་པ་འདི་འདྲས་དྲང་བདེན་བཟུང་བའི་མི་ཚང་མ་ལ་ཁོང་ཁྲོ་སློང་སྲིད།
    མགྲིན་ཚབ་པས་བསྟན་དོན། ཤང་ཀང་གི་གཏུམ་སྤྱོད་པས་བསླངས་པའི་ཟིང་འཁྲུག་ཟླ་བ་གཉིས་ལྷག་རྒྱུན་བསྲིངས་པས། ཤང་ཀང་གི་དཔལ་འབྱོར་དང་སྤྱི་ཚོགས། དམངས་འཚོ་བཅས་ཀྱི་ཐད་ལ་གནོད་འཚེ་ཆེན་པོ་བཟོས་ཡོད་ཀྱང་། ཨ་རིའི་འབྲེལ་ཡོད་ཆབ་སྲིད་མི་སྣས་ད་དུང་ཐལ་དྲག་གཏུམ་སྤྱོད་པ་ལ་བསྟོད་བསྔགས་བཏང་ནས། ཤང་ཀང་ལ་ཟིང་ཆ་བྱུང་ན་འདོད་པའི་སེམསམ་ཁམས་རྗེན་པར་བཏོན་ཡོད་ཅིང་། ཁོ་ཚོ་ནི་ཤང་ཀང་དུ་ཟིང་ཆ་སློང་མཁན་གྱི་ལྟག་རྒྱབ་ཀྱི་ངན་སྐུལ་བྱེད་མཁན་ཡིན་པ་ཀུན་ལ་གསལ་པོར་ཤེས་སུ་བཅུག་ཡོད།
    མགྲིན་ཚབ་པས་ནན་བཤད་བྱས་དོན། ཤང་ཀང་ནི་ཀྲུང་གོའི་ཤང་ཀང་ཡིན་ཞིང་། ཤང་ཀང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན། ཨ་རིའི་འབྲེལ་ཡོད་ཆབ་སྲིད་མི་སྣས་ཤང་ཀང་གི་ལས་དོན་ཐད་ལ་གང་བྱུང་དུ་སྐྱོན་འཛུགས་བྱེད་མཚམས་འཇོག་དགོས་པ་དང་། དེ་མིན་རང་མགོ་རང་གིས་རྡུང་སྲིད་ཅེས་སྐུལ་ཡོད།