འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་2ཉིན།

༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྐྱིད་གྲོང་དུ་ཐེངས་དང་པོར་ཕེབས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་30ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འཕགས་པ་དགོན་གྱིས་ཕེབས་བསུ་ཞུས་པ།
འཕགས་པ་དགོན་གྱིས་ཕེབས་བསུ་ཞུས་པ། 
    མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷོ་རྒྱུད་ཀྱི་ཧི་མ་ལ་ཡའི་རི་རྒྱུད་དུ། ལྷོ་བྱང་བར་བརྒྱུད་པའི་ལུང་པ་ལྔ་ཡོད་ཅིང་། དེ་ལ་“ཧི་མ་ལ་ཡའི་ལུང་པ་ལྔ་”ཟེར། དེ་ལས་ལུང་པ་ཆེས་ཆེ་བ་ནི་སྐྱིད་གྲོང་ལུང་པ་རེད། སྐྱིད་གྲོང་ལུང་པ་ནི་ཧི་མ་ལ་ཡའི་ལྷོ་འདབས་སུ་ཆགས་ཤིང་། དེ་ལ་“ཇོ་མོ་གླང་མའི་ལྟག་རྒྱབ་ཀྱི་མེ་ཏོག་ལྡུམ་ར”ཞེས་པའི་མཚན་སྙན་ཡོད་ལ། གནས་འདིར་རྩྭ་དང་རྩི་ཤིང་རྒྱས་ལ་ནམ་ཟླ་བཟང་བ་མ་ཟད། ད་དུང་བོད་བརྒྱུད་ནང་བསྟན་གྱི་གནས་མཆོག་ཅིག་ཀྱང་རེད།
    ཟླ་8ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་སྐྱིད་གྲོང་འཕགས་པ་དགོན་དུ་ཕེབས་པ་དང་། ཡུལ་དེའི་དད་ལྡན་མང་ཚོགས་ཀྱིས་ལུགས་སྲོལ་ལྟར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཕེབས་བསུ་ཞུས། པཎ་ཆེན་མཆོག་ཕེབས་པ་དང་བསྟུན་ནས། ཡུལ་ལྗོངས་ལྟ་ན་སྡུག་པའི་སྐྱིད་གྲོང་དུ་ཀུན་གྱིས་གསོལ་བ་སྨོན་ལམ་བཏབ་ཅིང་། མི་རྣམས་ཀྱིས་ལོ་ངོ་སྟོང་ལྷག་རིང་རྒྱུན་འཛིན་བྱས་པའི་གནའ་བོའི་གཞས་བླངས་པ་དང་ཞབས་བྲོ་འཁྲབ་ནས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསུས་ཡོད། 
    བཤད་སྲོལ་ལ་ལོ་ངོ་1300ཡི་ཡར་སྔོན་དུ། སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་བོད་དུ་བསུ་དུས་སུ་སྐྱིད་གྲོང་བརྒྱུད་ནས་ཡོང་བ་དང་། སྐྱིད་གྲོང་བ་རྣམས་ཀྱིས་ཉིན་མཚན་གསུམ་རིང་གཞས་དང་ཞབས་བྲོ་འཁྲབ་ཡོད་འདུག སྐྱིད་གྲོང་འཕགས་པ་དགོན་ནི་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་བསུ་ཆེད་བཞེངས་པ་དང་། ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་དགོན་པ་ཞིག་ཡིན་ལ། དེ་ནི་གཙོ་བོ་བལ་ཡུལ་གྱི་ལུགས་ལྟར་བཞེངས་ཡོད།
        སྐྱིད་གྲོང་ས་ཆ་ལ་ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2850ཡོད་ཅིང་། ཡུལ་ལྗོངས་མཛེས་ཤིང་སྡུག་པར་བྱ་དང་བྱེའུ་སྐད་སྙན་སྒྲོག་ཅིང་། གནས་དེར་ཆོས་ལུགས་རིག་གནས་ཀྱི་རྔམ་ཡང་མཐུག་པོ་ཡོད། ལོ་ངོ་900ཡི་ཡར་སྔོན་དུ། རྗེ་བཙུན་མི་ལ་རས་པ་མཆོག་གིས་གནས་འདི་ནས་སྒོམ་སྒྲུབ་ཉམས་ལེན་མཛད་མྱོང་ཡོད།
 ཟླ་8ཚེས་21ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་རྗེ་བཙུན་མི་ལ་རས་པའི་འཁྲུངས་ཡུལ་དུ་གནས་མཇལ་ཞུས་པ་རེད། སྐབས་དེའི་རྗེ་བཙུན་མི་ལ་རས་པ་བཞུགས་སར་ད་ལྟར་མཆོད་རྟེན་བཞེངས་ཡོད་ཅིང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཞབས་ཀྱིས་བཅག་ནས་རི་སྐེད་བརྒྱུད་དེ་རྗེ་བཙུན་མི་ལ་རས་པའི་སྒྲུབ་ཁང་དུ་སླེབས། གནས་འདི་ནི་རྗེ་བཙུན་མི་ལ་རས་པས་དཀའ་བ་མང་དུ་སྤྱད་ནས་སྒོམ་སྒྲུབ་མཛད་སའི་གནས་དེ་ཡིན་ལ། རྗེ་བཙུན་མི་ལ་རས་པས་སྒོམ་སྒྲུབ་མཛད་སའི་གནས་ཐོག་མ་དེའང་རེད།
    སྐྱིད་གྲོང་དུ་རྩྭ་དང་རྩི་ཤིང་རབ་ཏུ་རྒྱས་ལ། ཆུ་བོ་ལྷུང་ལྷུང་རྒྱུ་བཞིན་འདུག ཟླ་8ཚེས་22ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་བྱང་སྤྲིན་དགོན་དུ་ཕེབས་པ་དང་། ལུགས་སྲོལ་ལྟར་དགོན་པའི་དགེ་འདུན་པ་ཚོས་ཕེབས་བསུ་གཟབ་རྒྱས་གནང་། བྱང་སྤྲིན་དགོན་པ་ནི་སྐྱིད་གྲོང་གྲོང་རྡལ་སྤང་ཞིང་གྲོང་ཚོར་ཡོད་ཅིང་། དགོན་པ་དེ་ནི་དུས་རབས་7པར་བཞེངས་འགོ་བརྩམས་པ་དང་། ལྷ་སའི་གཙུག་ལག་ཁང་དང་དུས་མཉམ་དུ་བཞེངས་ཤིང་། ལོ་རྒྱུས་ཡུན་རིང་ལྡན་པའི་དགེ་ལུགས་པའི་དགོན་པ་རྙིང་བ་ཞིག་རེད།
    སྐྱིད་གྲོང་དུ་བཞུགས་པའི་རིང་ལ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་རྫོང་དགའ་ཆོས་སྡེ་དགོན་དང་སྒྲོལ་མ་ལྷ་ཁང་། བྲག་དཀར་རྟ་སོ་དགོན་བཅས་སུ་ཕེབས་གནང་ཡོད།
【1】  【2】  【3】  【4】
དད་ལྡན་མང་ཚོགས་ཀྱིས་ཕེབས་བསུ་ཞུས་པ།
དད་ལྡན་མང་ཚོགས་ཀྱིས་ཕེབས་བསུ་ཞུས་པ།