འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་30ཉིན།

༄༅༎ཚོང་དོན་པུས་ཀྲུང་ཨ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་ཚོགས་པའི་དབར་ཐོག་མཐའ་བར་གསུམ་དུ་
འབྲེལ་གཏུག་ནུས་ལྡན་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་30ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་29ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུང་གིས་ཀྲུང་ཨ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་ཚོགས་པའི་དབར་ཐོག་མཐའ་བར་གསུམ་དུ་འབྲེལ་གཏུག་ནུས་ལྡན་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། ཟླ་9པར་ཨ་རིར་གྲོས་མོལ་བྱེད་པར་སྐྱོད་རྒྱུའི་གནད་དོན་སྐོར་ལ་ཕྱོགས་གཉིས་པོས་གྲོས་བསྡུར་བྱེད་བཞིན་ཡོད། མིག་སྔར་གལ་འགངས་ཆེ་ཤོས་ནི་ཕྱོགས་གཉིས་པོས་མུ་མཐུད་གྲོས་མོལ་བྱ་རྒྱུར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་དེ་རེད་ཅེས་བརྗོད་པ་རེད།
     ཀའོ་ཧྥུང་གིས་ཚོང་དོན་པུས་དེ་ཉིན་འཚོགས་པའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་གལ་ཏེ་ཨ་རིར་གྲོས་མོལ་བྱེད་པར་བསྐྱོད་ཚེ་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱེད་པ་དང་ཆ་རྐྱེན་བསྐྲུན་ནས་གྲོས་མོལ་ལ་འཕེལ་རིམ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
     ཀའོ་ཧྥུང་གིས་ད་དུང་ཀྲུང་གོ་ཕྱོགས་ཀྱིས་ཚོང་དོན་འཁྲུག་རྩོད་རིམ་སྤོར་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ཧྲིལ་པོའི་སྤྱི་ཡོངས་ལ་དམིགས་ཏེ་ཡིད་རྣལ་དུ་ཕབ་པའི་རྣམ་འགྱུར་ཐོག་ནས་གྲོས་མོལ་དང་མཉམ་ལས་ལ་བརྟེན་ཏེ་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
     ཨ་རི་ཕྱོགས་ཀྱིས་དེ་གོང་ཁྱབ་བསྒྲགས་བྱས་པའི་ཨ་སྒོར་དུང་ཕྱུར་5500ཙམ་ཟིན་པའི་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱས་པའི་ཚོང་ཟོག་ལ་སྒོ་ཁྲལ་གྱི་ཁྲལ་ཚད་མང་དུ་གཏོང་རྒྱུར་དམིགས་ཏེ། ཀའོ་ཧྥུང་གིས་ཀྲུང་གོ་ཕྱོགས་ལ་རྒོལ་ལན་སློག་པའི་བྱ་ཐབས་མང་པོ་ཡོད་མོད། ཡིན་ན་ཡང་མིག་སྔའི་དུས་བབ་འོག་ཀྲུང་གོ་ཕྱོགས་ཀྱིས་གྲོས་བསྡུར་བྱེད་དགོས་པའི་གནད་དོན་ནི་ཨ་སྒོར་དུང་ཕྱུར་5500ཟིན་པའི་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱེད་པའི་ཚོང་ཟོག་ལ་སྒོ་ཁྲལ་སྔར་བས་མང་དུ་གཏོང་རྒྱུ་དེ་མེད་པ་བཟོས་ནས་ཚོང་དོན་འཁྲུག་རྩོད་མུ་མཐུད་རིམ་སྤོར་ཡོང་རྒྱུ་བཀག་འགོག་བྱ་རྒྱུ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ཨ་རི་ཕྱོགས་དང་དྲང་ནན་གྱི་སྐད་ཆ་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
     ཀའོ་ཧྥུང་གིས“ཨ་རི་ཕྱོགས་དང་ཀྲུང་གོ་ཕྱོགས་ཁ་ཕྱོགས་གཅིག་ཏུ་བསྐྱོད་དེ་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུར་སྐུལ་འདེད་གཏོང་ཐུབ་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།