འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་28ཉིན།

༄༅།།“ངས་ཀྲུང་གོའི་འཕེལ་རྒྱས་ཆེན་པོ་མིག་མཐོང་ལག་ཟིན་བྱུང”

—— དབྱི་སི་རལ་གྱི་ཕྱི་འབྲེལ་དཔོན་ཧྲ་ཀེ་ལིར་གྱིས་ཁོང་གིས་མཐོང་བའི་ཀྲུང་གོའི་འགྱུར་ལྡོག་གླེང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་28ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     དབྱི་སི་རལ་ཕྱི་འབྲེལ་པུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་སིའི་སི་ཀྲང་ཧ་ཀའེ·ཧྲ་ཀེ་ལིར་1991ལོ་ནས་ཀྲུང་གོར་ཡོང་མྱོང་ཡོད་པ་དང་། དེ་རྗེས་སྔ་རྗེས་སུ་ཀྲུང་གོར་ལས་ཀ་ལོ་5བྱེད་མྱོང་། ད་ཆ་ཁོང་གིས་ལོ་ལྟར་ཀྲུང་གོར་འཚམས་འདྲིར་ཐེངས་གསུམ་བཞི་ཙམ་བྱེད་ཀྱི་ཡོད།
    ལོ་28གོང་ཧྲ་ཀེ་ལིར་ནི་སློབ་ཆེན་སློབ་མ་ཞིག་ཡིན་པ་དང་། ཀྲུང་གོར་ཡིད་སྨོན་བྱེད་བཞིན་ཁོང་གིས་རྒྱབ་ཁུར་ཡུལ་སྐོར་བ་ཞིག་བྱས་ནས་ཀྲུང་གོར་ཡུལ་སྐོར་ཟླ་གསུམ་ཏག་ཏག་བྱས་ཏེ་གྲོང་ཁྱེར་མང་པོ་ཞིག་གི་སྲང་ལམ་དང་ཁྲོམ་གཞུང་གང་སར་བསྐྱོད་ཡོད།
    “སྐབས་དེ་དུས་པེ་ཅིང་ཁྲང་ཨན་ཁྲོམ་གཞུང་དུ་ལངས་ནས་འགྲོ་འོང་བྱེད་མཁན་རྐང་འཁོར་ལ་གྲངས་ཀ་རྒྱག་རྒྱུར་ཧ་ཅང་དགའ་པོ་ཡོད། སྐབས་དེ་དུས་རླངས་འཁོར་ཉུང་ཉུང་རེད། འོན་ཀྱང་ད་ཆ་ཁྲོམ་གཞུང་དུ་འགྲོ་འོང་བྱེད་མཁན་རླངས་འཁོར་གྲངས་ཀ་ཐེབས་ཐབས་བྲལ་འདུག”ཅེས་ཧྲ་ཀེ་ལིར་གྱིས་གསར་འགོད་པར་དེ་ལྟར་བརྗོད་པ་དང་། རྒྱབ་ཁུར་ཡུལ་སྐོར་བ་ཞིག་བྱས་ནས་ཀྲུང་གོར་ཡོང་བ་ནས་བཟུང་ཧྲ་ཀེ་ལིར་གྱིས་ཕྱི་འབྲེལ་དཔོན་ཞིག་བྱ་རྒྱུའི་དམ་བཅའ་བཞག
     ཀྲུང་གོ་དང་དབྱི་སི་རལ་1992ལོར་དངོས་སུ་ཕྱི་འབྲེལ་བཙུགས་པ་ནས་བཟུང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཉིན་རེ་བཞིན་ཟབ་ཏུ་སོང་ཡོད། ཧྲ་ཀེ་ལིར་གྱིས་སྔ་རྗེས་སུ་ཀྲུང་གོའི་ཀོང་ཀྲོའུ་དང་ཁྲེང་ཏུའུ་རུ་བཅའ་སྡོད་དབྱི་སི་རལ་གྱི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཏུ་ལས་ཀ་ལོ་ལྔ་བྱས་པས། ཀྲུང་གོར་དེ་བས་རྒྱུས་མངའ་ཡོང་བ་བྱེད་པའི་གོ་སྐབས་སྔར་ལས་མང་དུ་ཕྱིན་ཡོད། 2016ལོའི་ཟླ་9པར་ཁོང་དབྱི་སི་རལ་ཕྱི་འབྲེལ་པུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་སིའི་སི་ཀྲང་ལ་གནས་འཕར་བྱུང་ཡོད།
    ཧྲ་ཀེ་ལིར་གྱིས་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ཀྲུང་གོ་བ་སྔར་ལས་མང་བ་དབུལ་པོའི་གནས་ལས་སྒྲོལ་ཏེ་སྡོད་ཁང་དང་སྨན་བཅོས་སོགས་ཐད་ཀྱི་ཕན་པ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། “དེ་ནི་དོན་སྙིང་གལ་ཆེན་ལྡན་པའི་འགྱུར་ལྡོག་ཅིག་རེད”ཅེས་བརྗོད།
    ཧྲ་ཀེ་ལིར་གྱིས་དེ་དང་ཆབས་ཅིག་ཀྲུང་གོས་འཛམ་གླིང་གི་གར་སྟེགས་ཐོག་རིམ་བཞིན་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པ་མ་ཟད། འཛམ་གླིང་ལ་མཉམ་ལས་ཀྱི་གོ་སྐབས་གསར་པ་བཏོད་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
     ཀྲུང་གོས་སྒོ་མོ་འབྱེད་ཤུགས་ཆེ་རུ་བཏང་ནས་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁོར་ཡུག་སྔར་ལས་ལེགས་སུ་གཏོང་རྒྱུའི་ཁས་ལེན་བྱས་པར་ཧྲ་ཀེ་ལིར་གྱིས་དེ་ནི“ཧ་ཅང་གལ་ཆེ་ལ་དགེ་མཚན་ལྡན་པའི”བརྡ་རྟགས་ཤིག་རེད་ཅེས་བརྗོད།
     ཧྲ་ཀེ་ལིར་གྱིས་ཀྲུང་གོ་དབྱི་སི་རལ་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་གཉིས་པར་གྱུར་ཡོད། ཁོང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་སྦྲགས་རྒྱལ་ཁབ་གཉིས་པོའི་དབར་དཔལ་འབྱོར་ཚོང་དོན་དང་། མ་འཇོག ལག་རྩལ་མཐོ་བའི་ཚན་རྩལ་སོགས་ཁྱབ་ཁོངས་ཐད་མཉམ་ལས་དེ་བས་གཏིང་ཟབ་ཡོང་བ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད། 
    (ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅེ་རུས་ས་ལེམ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང)