འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་23ཉིན།

༄༅།།རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་23ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་19དང་20ཉིན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གོའི་འབྲེལ་ཡོད་རྒྱལ་ཁབ་པུའུ་ཨུད་དང་། མཐོ་རིམ་སློབ་གླིང་། ཚན་ཞིབ་ཁང་བཅས་དང་དེ་བཞིན་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་གི་རང་བྱུང་སྲུང་སྐྱོང་ས་ཁུལ་དོ་དམ་སྒྲིག་གཞིའི་འགན་འཁུར་བ་དང་། ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་དང་། དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་ཁྱོན་མི་450ལྷག་ཙམ་ཞུགས་ཡོད་པ་རེད། ཚོགས་ཞུགས་འཐུས་མི་ཚོས་སྤེལ་རེས་དང་བགྲོ་གླེང་བྱས་པ་བརྒྱུད།     “ཟི་ལིང་གི་ཐུན་མོང་ངོས་འཛིན”8གྲུབ་ཡོད་པ་རེད།
“ཟི་ལིང་གི་ཐུན་མོང་ངོས་འཛིན”ནང་། རྒྱལ་ཁབ་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་ས་ཁུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་པའི་རང་བྱུང་སྣོད་བཅུད་དང་རང་བྱུང་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་སྟངས་དང་ཐབས་ལམ་ཡག་ཤོས་དེ་ཡིན་ལ། རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་མ་ལག་འཛུགས་རྒྱུ་ནི་ཀྲུང་གོའི་རང་བྱུང་སྲུང་སྐྱོང་བྱེད་པའི་ལག་ལེན་གསར་ཤོས་ཤིག་ཡིན་པ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་སྣོད་བཅུད་བཅོས་སྐྱོང་ཐད་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་བློ་གྲོས་བཏོན་ཡོད།
    “ཟི་ལིང་གི་ཐུན་མོང་ངོས་འཛིན”ནང་། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་བྱ་རྒྱུ་ནི་རང་བྱུང་སྲུང་སྐྱོང་གི་གཞི་རྩའི་འདུ་ཤེས་དང་རྩ་དོན་ཡིན་པས། རྒྱལ་ཁབ་སྤྱི་གླིང་སོགས་སྲུང་སྐྱོང་ས་ཁུལ་གྱི་སྣོད་བཅུད་འཛུགས་སྐྲུན་བྱེད་པར་རང་ཤུགས་ཀྱིས་སླར་གསོ་བྱ་རྒྱུ་གཙོ་བོ་དང་མིའི་ཐབས་ལ་བརྟེན་ནས་ཉམས་གསོ་བྱ་རྒྱུ་ཕལ་བར་བཟུང་ནས། རང་བྱུང་སྣོད་བཅུད་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་སྐྱོང་བྱེད་ཅི་ཐུབ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
    “ཟི་ལིང་གི་ཐུན་མོང་ངོས་འཛིན”ནང་། དམངས་ཡོངས་ཀྱིས་མཉམ་སྤྱོད་བྱ་རྒྱུ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུ་ནི་རྒྱལ་ཁབ་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་ས་ཁུལ་འཛུགས་སྐྲུན་དོ་དམ་བྱེད་པའི་རྩ་བའི་དམིགས་ཡུལ་ཡིན་པས། རང་བྱུང་སྲུང་སྐྱོང་བྱེད་པར་མི་དམངས་ལ་བརྟེན་དགོས་པ་མ་ཟད། ད་དུང་མི་དམངས་ལ་སྤུས་ལེགས་ཀྱི་སྣོད་བཅུད་ཐོན་རྫས་དང་སྣོད་བཅུད་ཁེ་ཕན་མཁོ་འདོན་ཡང་བྱས་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པར་བྱེད་དགོས་ཞེས་བསྟན་ཡོད་པ་རེད།