འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་22ཉིན།

༄༅།།ཀྲུང་གོའི་ཆེད་བསྐོས་ཕོ་ཉས་ཆབ་སྲིད་ལ་བརྟེན་ནས་སི་རི་ཡའི་གནད་དོན་ཐག་གཅོད་ཀྱི་ཡང་དག་
ཁ་ཕྱོགས་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་22ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རེ་ནེ་ཝ་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་བར་གཞིགས་ན། ཚེས་20ཉིན། ཀྲུང་གོ་སྲིད་གཞུང་གི་སི་རི་ཡའི་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཤེ་ཞའོ་ཡན་གྱིས་རེ་ནེ་ཝར་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། ཆབ་སྲིད་ལ་བརྟེན་ནས་སི་རི་ཡའི་གནད་དོན་ཐག་གཅོད་ཀྱི་ཡང་དག་ཁ་ཕྱོགས་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
    ཤེ་ཞའོ་ཡན་གྱིས། ཉེ་དུས་སི་རི་ཡའི་དུས་བབ་ལ་གལ་ཆེའི་འགྱུར་ལྡོག་གསར་པ་བྱུང་སྟེ། ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་འཕེལ་ཕྱོགས་མངོན་གསལ་དོད་དུ་ཕྱིན་ཡོད། ཆེད་བསྐོས་ཕོ་ཉ་པི་ཏེ་སེན་གྱིས་འདི་ལོའི་ཟླ་དང་པོ་ནས་ལས་འགན་འཁུར་རྗེས། འབྲེལ་ཡོད་ཕྱོགས་ཁག་དབར་སྤེལ་རེས་དང་མཐུན་སྦྱོར་ཧུར་ཐག་བྱས་ནས། ཕྱོགས་ཁག་གིས་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུར་སྤྱིར་ན་མོས་མཐུན་གཅིག་མཐུན་བྱུང་བས། སི་རི་ཡའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པར་སྒུལ་ཤུགས་གསར་པ་བསྣན་ཡོད་མོད། དེ་དང་དུས་མཚུངས་སི་རི་ཡའི་ས་གནས་ཁག་གཅིག་ཏུ་དམག་འཁྲུག་སྔར་བཞིན་གནས་པ་དང་། དབྱི་ཏེ་ལེ་པུ་དང་སི་རི་ཡའི་བྱང་ཤར་རྒྱུད་ཀྱི་དུས་བབ་འཕེལ་རྒྱས་ལ་སྔར་བཞིན་གཏན་འཁེལ་མེད་པའི་རང་བཞིན་གནས་ཡོད་ཅེས་བརྗོད་པ་རེད།
    ཤེ་ཞའོ་ཡན་གྱིས། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡའི་གནད་དོན་ཐག་གཅོད་བྱེད་པར་གོམ་སྟབས་རྗེས་མར་ཕྱོགས་གསུམ་ཐད་ནས་གཙོ་གནད་ཐོག་སྟངས་འཛིན་བྱེད་དགོས་པའི་ངོས་འཛིན་བྱས་པ་སྟེ། གཅིག་ནས་ཆབ་སྲིད་ཐད་ནས་ཐག་གཅོད་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། ཕྱོགས་ཁག་གིས་སི་རི་ཡའི་བདག་དབང་དང་། རང་བཙན། མངའ་ཁོངས་ས་ཆ་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག བསྟུན་མཁས་རང་བཞིན་གྱི་ཆབ་སྲིད་གླེང་མོལ་ལ་སྐུལ་འདེད་ནུས་ལྡན་བཏང་ནས། སི་རི་ཡའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ་དང་ཕན་ཚུན་དབར་གྱི་ལུགས་མཐུན་དོ་ཁུར་ལ་ཀུན་སྙོམས་ལྟ་རྟོག་གི་ཐག་གཅོད་ཇུས་གཞི་ཞིག་སྔ་ཙམ་ཆགས་པ་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདུམ་འགྲིག་གི་ནུས་པ་གཙོ་བོ་འདོན་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་དང་། “སི་རི་ཡ་བས་གཙོ་ཁྲིད་དང་སི་རི་ཡ་བར་དབང་བའི”རྩ་དོན་མཐའ་འཁྱོངས་བྱེད་རྒྱུ་དང་། གཉིས་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་རྒྱུ་ལྷོད་གཡེང་གཏན་ནས་མི་གཏོང་བར། སི་རི་ཡའི་དབྱི་ཏེ་ལེ་པུ་ས་ཁུལ་དུ་འཇིགས་སྐུལ་ཐད་སྐྱོད་པ་འབོར་ཆེན་འདུས་ཡོད་པས། ཕྱོགས་ཁག་གིས་གཅིག་གྱུར་གྱི་ཚད་གཞི་གཞིར་བཟུང་མཉམ་ལས་ཧུར་ཐག་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མིང་ཐོ་ཡོངས་བསྒྲགས་བྱས་པའི་འཇིག་སྐུལ་རྩ་འཛུགས་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་རྒྱུ། གསུམ་ནས་བརྟན་པོའི་ངང་དཔལ་འབྱོར་བསྐྱར་སྐྲུན་བྱེད་རྒྱུ་ཡིན་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡས་བསྐྱར་སྐྲུན་གྱི་ལས་དོན་སྤེལ་རྒྱུར་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ནས་སི་རི་ཡའི་མི་དམངས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱེད་རོགས་བྱེད་དགོས་ཞེས་བརྗོད་པ་རེད།