འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་20ཉིན།

༄༅༎ཨ་རིའི་ཚོང་དོན་པུས་ཧྭ་ཝུའེ་ལ་དམིགས་པའི་ཉོ་ཚོང་གི་བཀག་རྒྱ་ཆ་ཤས་ཤིག་ཡང་བསྐྱར་ཕྱིར་སྣུར་རྒྱུའི་ཐག་བཅད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་20ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་19ཉིན། ཨ་རིའི་ཚོང་དོན་པུས“གནས་སྐབས་སྤྱི་སྤྱོད་ཆོག་མཆན”ཉིན་90ཇེ་རིང་དུ་གཏོང་རྒྱུའི་ཐག་བཅད་དེ། ཧྭ་ཝུའེ་དང་དེའི་ཞོར་གཏོགས་ཀུང་སིས་ད་ཆ་ཨ་རིར་ཡོད་པའི་ཐོན་རྫས་དང་ཞབས་ཞུར་དམིགས་པའི་ཉོ་ཚོང་བཀག་རྒྱ་ཡང་བསྐྱར་ཕྱིར་སྣུར་བྱས་པ་རེད། དེ་ནི་ཨ་རིའི་འཛད་སྤྱོད་པར་ཤུགས་རྐྱེན་ངན་པ་མི་ཕོག་པའི་ཆེད་དུ་ཡིན། 
     ཨ་རིའི་ཚོང་དོན་པུས་ཉིན་དེར་གསལ་བསྒྲགས་བཏང་ནས་ཟླ་8ཚེས་19ཉིན་ནས་བཟུང་ཉིན་90རིང་། “གནས་སྐབས་སྤྱི་སྤྱོད་ཆོག་མཆན”ཐོབ་པའི་ཨ་རིའི་ཁེ་ལས་ཀྱིས་ཧྭ་ཝུའེ་དང་དེ་བཞིན་དེའི་ཨ་རིའི་ཞོར་གཏོགས་ཀུང་སི་མིན་མཁན་ལ་ཕྱིར་གཏོང་དང་། སླར་ཡང་ཕྱིར་གཏོང་། “དམིགས་བསལ”དང“ཚད་ཡོད”ཀྱི་ཐོན་རྫས་སམ་ལག་རྩལ་ནང་བཤུག་བཅས་བྱེད་ཆོག་ཅེས་བཤད་པ་རེད། 
     ཨ་རིའི་ཚོང་དོན་པུས་ཟླ་5ཚེས་15ཉིན་ཧྭ་ཝུའེ་དང་དེའི་ཞོར་གཏོགས་ཀུང་སི་68དངོས་གཞིའི་རྩིས་ཐོའི་ནང་བཅུག་པ་རེད། ཟླ་5ཚེས་20ཉིན་དུས་ཡུན་ཉིན་90ཡིན་པའི་“གནས་སྐབས་སྤྱི་སྤྱོད་ཆོག་མཆན”ཞིག་ཡོངས་བསྒྲགས་བྱས་ནས་ཧྭ་ཝུའེ་དང་དེའི་ཞོར་གཏོགས་ཀུང་སིས“དམིགས་བསལ་གྱི་བྱེད་སྒོ”སྤེལ་བའི་ཆོག་མཆན་སྤྲད་ནས་ཨ་རིའི་ད་ཡོད་ཀྱི་འབྲེལ་ཡོད་དྲ་རྒྱ་རྒྱུན་མཐུད་ངང་གཉེར་སྐྱོང་ཐུབ་པའི་འགན་ལེན་བྱས་ཏེ་ཨ་རིའི་ད་ཡོད་ཀྱི་འབྲེལ་ཡོད་སྒུལ་བདེའི་ཞབས་ཞུར་རྒྱབ་སྐྱོར་བྱས་པ་རེད། 
     གསལ་བསྒྲགས་ནང་། “གནས་སྐབས་སྤྱི་སྤྱོད་ཆོག་མཆན”ཕྱིར་སྣུར་བྱེད་པ་ནི་ཨ་རིའི་འཛད་སྤྱོད་པར་འཚམ་པའི་དུས་ཚོད་དེ་བས་མང་བ་ཡོང་བའི་ཆེད་དུ་ཡིན་ཞེས་བརྗོད་པ་དང་། ཨ་རིའི་ཚོང་དོན་པུའི་པུའུ་ཀྲང་ཝེར་པོ་རོ་སིས་གསལ་བསྒྲགས་ནང“རྙོག་འཛིང་མི་ཡོང་བའི་ཆེད་དུ་ང་ཚོས་དུས་ཚོད་དེ་བས་རིང་པོ་ཞིག་སྤྲོད་དགོས་པའི་ངོས་འཛིན་ཐོབ་ཡོད”ཅེས་བཤད་པ་རེད། 
     གསལ་བསྒྲགས་ནང་། “གནས་སྐབས་སྤྱི་སྤྱོད་ཆོག་མཆན”ཕུད་པའི་ཕྱིར་གཏོང་དང་། སླར་ཡང་ཕྱིར་གཏོང་། ཨ་རིའི་རྒྱལ་ནང་དུ་ཐོན་རྫས་སམ་ལག་རྩལ་ནང་བཤུག་བྱས་པ་སྔར་བཞིན་ཨ་རིའི་ཚོང་དོན་པུའི་ཁོངས་གཏོགས་ཀྱི་བཟོ་ལས་དང་བདེ་འཇགས་ཅུས་ཀྱིས་སྤྲད་པའི་འབྲེལ་ཡོད་ཆོག་མཆན་ཐོབ་དགོས་ཀྱང་། སོར་བཞག་གི་ཞིབ་བཤེར་རྣམ་པ་ནི་ཁས་མི་ལེན་པ་རང་ཡིན། 
     ཨ་རིའི་ཚོང་དོན་པུས་ད་དུང་གསལ་བསྒྲགས་ནང་། ཧྭ་ཝུའེ་ཡི་ཞོར་གཏོགས་ཀུང་སི་གཞན་པ་46དེ་དངོས་གཞིའི་རྩིས་ཐོའི་ནང་བཅུག་པ་དང་གཏན་འབེབས་དེ་ཟླ་8ཚེས་19ཉིན་ནས་བཟུང་ནུས་པ་ཐོན་རྒྱུ་རེད་ཅེས་བརྗོད་ཡོད། 
     པེ་ཅིང་གི་དུས་ཚོད་ཚེས་19ཉིན་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱིས“ཧྭ་ཝུའེ་སོགས་ཀྲུང་གོའི་ཁེ་ལས་ལ་ཁུངས་མེད་ཀྱིས་རྡུང་རྡེག་དང་བཀག་སྡོམ་བྱེད་མཚམས་བཞག་ནས་དྲང་གཞག་དང་། དྲང་བདེན། མཐོང་ཆུང་མི་བྱེད་པ་བཅས་ཀྱི་སྒོ་ནས་ཀྲུང་གོའི་ཁེ་ལས་ལ་ལྟ་སྟངས་འཛིན་རྒྱུའི”རེ་བ་ཡོད་ཅེས་བཤད་པ་རེད།