འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་20ཉིན།

༄༅༎ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱི་ཤང་ཀང་དང་འབྲེལ་བའི་གཏམ་བརྗོད་ལ་ལན་སློག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་20ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོ་ཕྱོགས་ཀྱིས་ཤང་ཀང་གི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་ཚུལ་གྱིས་ཀྲུང་གོ་དང་ཨ་རིའི་ཚོང་དོན་གྲོས་མོལ་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་བརྗོད་པར་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཚེས་19ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཤང་ཀང་གི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན། ཙུང་ཐུང་ཐེ་རོན་ཕུས་དེ་གོང“ཤང་ཀང་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པས་ངེས་པར་དུ་ཁོང་ཚོ་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་པ་ལས་གྲོས་འགོ་འདོན་མི་དགོས”ཞེས་བརྗོད་མྱོང་ཡོད་པས། ཨ་རི་ཕྱོགས་ཀྱིས་ཁ་བཤད་ལག་བསྟར་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།
     གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཉིན་ཤས་གོང་ཤང་ཀང་གི་གནད་དོན་དེ་ཧ་ཅང་མི་ཆོས་ཀྱི་རྣམ་པའི་ཐོག་ནས་ཐག་གཅོད་བྱེད་པ་མཐོང་འདོད་ཡོད་ཅེས་བརྗོད་པ་དང་། གལ་ཏེ་ཀྲུང་གོ་ཕྱོགས་ཀྱིས་དྲག་ཤུགས་སྤྱད་ན་ཀྲུང་གོ་དང་ཨ་རིའི་དབར་གྱི་ཚོང་དོན་གྲོས་མོལ་ལ་ཤུགས་རྐྱེན་ཐེབས་སྲིད་ཅེས་བརྗོད་པ་རེད།
     ཀེང་ཧྲོང་གིས་དེའི་ཐད་བརྗོད་དོན། ཤང་ཀང་དུ་ཐོན་པའི་རྔམ་སྟོན་ཁྲོམ་སྐོར་དང་གཏུམ་སྤྱོད་ཉེས་གསོག་གི་བྱེད་སྤྱོད་ཟླ་བ་གཉིས་ལྷག་ཙམ་རྒྱུན་མཐུད་བྱས་ཡོད་པས། ཤང་ཀང་གི་ཁྲིམས་སྐྱོང་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ། དཔལ་འབྱོར་དམངས་འཚོ། དར་རྒྱས་བརྟན་ལྷིང་དང་རྒྱལ་སྤྱིའི་གཟུགས་བརྙན་བཅས་ལ་ཕོག་ཐུག་ཚབས་ཆེན་ཐེབས་ཡོད། ཀེང་ཧྲོང་གིས་“ཁྲིམས་སྐྱོང་དང་སྒྲིག་ལམ་མེད་པའི་དམངས་གཙོ་དང་རང་དབང་ཞེས་པ་དེས་སྲིད་གཞུང་མེད་པའི་རིང་ལུགས་དང་སྤྱི་ཚོགས་ཟང་ཟིང་བཟོ་རྒྱུ་ལས་མེད་པར་མཐར་གནོད་འཚེ་ཕོག་ས་དེ་རྒྱ་ཆེའི་སྤྱི་དམངས་ཀྱི་ཁེ་ཕན་ཡིན་པ་དོན་དངོས་ཐོག་ནས་ར་སྤྲོད་བྱས་ཡོད”ཅེས་བརྗོད་པ་རེད།
     ཀེང་ཧྲོང་གིས་མིག་སྔར་ཤང་ཀང་གི་འགྱངས་མེད་འཕྲལ་སྒྲུབ་དང་མཐའ་དག་ལས་ལྷག་པའི་ལས་འགན་ནི་ཁྲིམས་ལྟར་གཏུམ་སྤྱོད་བཀག་འགོག་དང་སྒྲིག་ལམ་སླར་གསོ་ཡོང་བ་བྱ་རྒྱུ་དེ་ཡིན། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་ཡིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་ཁྲིམས་ལྟར་སྲིད་སྐྱོང་བྱ་རྒྱུར་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་དང་། ཤང་ཀང་གི་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་བསྟར་ནན་པོ་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ། གཏུམ་སྤྱོད་ཉེས་གསོག་པར་ཁྲིམས་ལྟར་ཆད་པ་གཅོད་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྲོས་མོལ་སྐོར་ལ་ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡིན་ལ། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཏ་པན་ཐུག་འཕྲད་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་རྨང་གཞིའི་ཐོག་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་ཕན་ཚུན་ཚང་མས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་བྱེད་ཐབས་འཚོལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།