འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་20ཉིན།

༄༅༎ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྲེན་ཀྲེན་དེ་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་
རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་དུ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་བཀྲམ་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་20ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྲེན་ཀྲེན་དེ་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་དུ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།
     《བསམ་འཆར》ནང་ཏང་དང་རྒྱལ་ཁབ་ཀྱིས་དཔལ་འབྱོར་དམིགས་བསལ་ཁུལ་གཉེར་རྒྱུའི་འཐབ་ཇུས་གལ་ཆེན་བཀོད་སྒྲིག་བྱས་ཚུན། ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་དེ་ཉིད་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་སྐར་ཁུང་གལ་ཆེན་ཞིག་ཡིན་པའི་ངོས་ནས་བྱ་གཞག་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་ཉམས་འགྱུར་དང་། སྒུལ་ཤུགས། གསོན་ཤུགས། གསར་གཏོད་ཀྱི་ནུས་པ་བཅས་ཀྱིས་ཕྱུག་པའི་རྒྱལ་སྤྱི་ཅན་གྱི་གསར་གཏོད་རྣམ་པའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད། མིག་སྔར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་དེ་ཧྲེན་ཀྲེན་དེ་ཉིད་དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་བསྒྲེངས་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ། འགོ་འཛུགས་ས་དེ་བས་མཐོ་བ་དང་། རིམ་པ་དེ་མཐོ་བ། དམིགས་ཚད་དེ་བས་མཐོ་བ་བཅས་ཀྱི་སྒོ་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཆགས་སྟངས་གསར་པ་བསྒྲུབ་རྒྱུ་དང་། དེ་བས་ལེགས་པའི་སྒོ་ནས་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེ་མོ་ཁུལ་གྱི་འཐབ་ཇུས་ལག་བསྟར་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལག་ལེན་གསར་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ཐབས་ལམ་གསར་པ་སྔོན་ལ་འཚོལ་ཞིབ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་རྒྱུ་བཅས་ལ་ཕན་ཐོགས་ཡོད་ཅེས་བསྟན་ཡོད།
     མཛུབ་ཁྲིད་བསམ་བློའི་ཐད《བསམ་འཆར》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལག་བསྟར། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེ་མོ་ཁུལ་བསྐྲུན་པའི་གོ་སྐབས་གལ་ཆེན་དམ་འཛིན། སྲོག་ཤིང་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་བསྐྲུན་རྒྱུའི་ཕྱོགས་སུ་མདུན་སྐྱོད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཀྱི་དཔེ་མཚོན་གྲོང་ཁྱེར་དུ་ཧུར་ཐག་བསྐྲུན་དགོས་ཞེས་བསྟན་ཡོད།
     འཕེལ་རྒྱས་ཀྱི་དམིགས་ཚད་ཐད། 《བསམ་འཆར》ནང་2025ལོར་སླེབས་སྐབས་ཧྲེན་ཀྲེན་གྱི་དཔལ་འབྱོར་དངོས་ཤུགས་དང་འཕེལ་རྒྱས་ཀྱི་སྤུས་ཚད་གོ་ལ་ཧྲིལ་པོའི་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་པ་བྱས་ཏེ། མ་དངུལ་གཏོང་ཤུགས་དང་ཐོན་ལས་གསར་གཏོད་ཀྱི་ནུས་པ་འཛམ་གླིང་གི་ཨང་དང་པོར་སླེབས་རྒྱུར་ཞིབ་སྤེལ་བྱེད་པ་དང་རིག་གནས་ཀྱི་འཇམ་ཤུགས་ཆེས་ཆེར་མཐོ་རུ་གཏོང་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་དང་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་བཅས་བྱས་ནས་དེང་རབས་ཅན་གྱི་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་གསར་པ་ཞིག་ཏུ་བསྐྲུན་དགོས། 2035ལོར་སླེབས་སྐབས། ཧྲེན་ཀྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་དཔེ་མཚོན་དུ་གྱུར་པ་དང་། གྲོང་ཁྱེར་གྱི་ཕྱོགས་བསྡུས་དཔལ་འབྱོར་འགྲན་རྩོད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་བྱས་ཏེ། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་གསར་གཏོད་དང་། ལས་གཏོད། བསམ་བཀོད་བཅས་ཀྱི་གྲོང་ཁྱེར་ཞིག་ཏུ་བསྐྲུན་ཏེ་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་བསྐྲུན་པའི་དཔེ་མཚོན་གྲོང་ཁྱེར་དུ་གྱུར་པ་བྱེད་དགོས། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་ཧྲེན་ཀྲེན་འདི་ཉིད་དེ་བས་དཔའ་ངར་ཆེར་བསྐྱེད་ཀྱི་སྒོ་ནས་འཛམ་གླིང་སྔོན་ཐོན་གྲོང་ཁྱེར་ཁྲོད་དུ་འགྱིང་ངེར་གནས་པ་བྱས་ཏེ་འགྲན་རྩོད་ཀྱི་ནུས་པ་དང་། གསར་གཏོད་ཀྱི་ནུས་པ། ཤུགས་རྐྱེན་གྱི་ནུས་པ་ཕུན་སུམ་ཚོགས་པ་གོ་ལ་ཧྲིལ་པོའི་ཚད་ཤིང་གྲོང་ཁྱེར་དུ་གྱུར་པ་བྱེད་དགོས་ཞེས་བསྟན་ཡོད།